ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལི་པི་ཡ་དཀའ་ངལ་ལས་ཐར་བར་མཉམ་དུ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།
2025.04.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས17ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་གཞོན་པ་སུན་ལེ་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལི་པི་ཡའི་གནད་དོན་ཁྱབ་བསྒྲགས་ཚོགས་འདུའི་སྟེང་བསྟན་དོན། ལི་པི་ཡའི་མི་དམངས་ཀྱིས་རྒྱལ་ཁབ་ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་སླར་གསོ་བྱེད་པའི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་བ་དང་ཆབས་ཅིག  སྔར་བཞིན་ཆབ་སྲིད་ཀྱི་འཕེལ་མེད་སོར་གནས་ཀྱི་གནས་སུ་ལྷུང་ཞིང་མི་ཆོས་དང་དཔལ་འབྱོར་གྱི་གནོན་ཤུགས་ཆེ་རུ་ཕྱིན་ཡོད། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ལི་པི་ཡར་རྒྱབ་སྐྱོར་སྔར་ལས་ཆེན་པོ་བྱས་ནས་ལི་པི་ཡ་དཀའ་ངལ་ལས་ཐར་བར་མཉམ་དུ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

སུན་ལེ་ཡིས་ཉེ་ལམ་ལི་པི་ཡའི་རྒྱལ་ཁབ་ཆེས་མཐོའི་ཨུ་ཡོན་ལྷན་ཁང་དང་རྒྱལ་དམངས་འཐུས་མི་ཚོགས་ཆེན་གྱིས་ཁེ་རོ་རུ་གྲོས་མོལ་བྱས་ནས། ཆབ་སྲིད་ཕྱོགས་ཁག་སོ་སོའི་གྲོས་མོལ་ལ་ཤུགས་སྣོན་བརྒྱབ་ཡོད། ལི་པི་ཡའི་ས་ཁུལ་མང་པོ་ཞིག་གི་ས་གནས་འདེམས་བསྐོ་ལ་མུ་མཐུད་དུ་བདེ་བླག་ངང་སྐུལ་འདེད་བཏང་བ་དེ་དག་ཚང་མ་ནི་དགེ་མཚན་ལྡན་པའི་འཕེལ་ཕྱོགས་ཤིག་རེད། ཀྲུང་གོ་ཕྱོགས་ཀྱིས་ལི་པི་ཡའི་ཕྱོགས་སོ་སོས་གྲོས་མོལ་ལ་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་སླར་གསོ་བྱས་ནས་འདེམས་བསྐོའི་བཅའ་ཁྲིམས་བཟོ་བ་དང་། རྒྱལ་ཡོངས་ཀྱི་འདེམས་བསྐོ་སོགས་ཐག་མ་ཆོད་པའི་དོན་དག་གཙོ་བོའི་རིགས་ལ་འཕེལ་རིམ་གསར་བ་བྱུང་ནས། རྒྱལ་ཁབ་ཀྱི་སྒྲིག་གཞི་གཅིག་གྱུར་གྱི་དམིགས་འབེན་ཕྱོགས་སུ་མདུན་སྐྱོད་བྱེད་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད།  རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལི་པི་ཡའི་བདག་དབང་དང་གཙོ་ཁྲིད་དབང་ཆར་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་དགེ་མཚན་ལྡན་པའི་རྒྱབ་སྐྱོར་བྱེད་དགོས།

སུན་ལེ་ཡིས་བསྟན་དོན། མིག་སྔར་ལི་པི་ཡའི་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་སྤྱིའི་ཆ་ནས་རྒྱུན་འཁྱོངས་ཐུབ་ཡོད་མོད། འོན་ཀྱང་བདེ་འཇགས་དུས་བབ་སྔར་བཞིན་ཉམས་ཞན་ཡིན།  ལི་པི་ཡའི་ཞི་བདེ་དང་བརྟན་ལྷིང་རྒྱུན་འཁྱོངས་བྱ་རྒྱུ་ནི་ཆབ་སྲིད་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་རྨང་གཞི་ཡིན། ཀྲུང་གོ་ཕྱོགས་ཀྱིས་ལི་པི་ཡའི་ཕྱོགས་སོ་སོས་བཟོད་སྒོམ་རྒྱུན་འཁྱོངས་བྱས་ནས། དུས་བབ་ཛ་དྲག་ཏུ་གཏོང་བའི་ཕྱོགས་རྐྱང་པའི་བྱ་སྤྱོད་གང་རུང་མི་སྤེལ་བའི་འབོད་སྐུལ་གཏོང་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་མཐུན་དོན་འཁྱོལ་བྱེད་པར་དོ་ཁུར་བྱེད་ཤུགས་ཆེ་རུ་གཏོང་དགོས།

སུན་ལེ་ཡིས་བཤད་རྒྱུར། རྒྱལ་ཁབ་ཕྱི་ནང་གི་དུས་བབ་ཀྱི་ཤུགས་རྐྱེན་གཉིས་ཀྱི་དབང་གིས་ཉེ་ལམ་ལི་པི་ཡའི་ཕྱི་དངུལ་མཚལ་ཡིག་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་དཔལ་འབྱོར་བརྟན་ལྷིང་མིན་པའི་རང་བཞིན་ཆེ་རུ་འགྲོ་བཞིན་ཡོད། ལི་པི་ཡའི་ཕྱོགས་སོ་སོས་མི་མཐུན་པའི་ཆ་མཚམས་བཞག་ནས་དཔལ་འབྱོར་བརྟན་ལྷིང་ཡོང་བར་མཉམ་དུ་གྲོས་མོལ་བྱས་ཏེ། དཔལ་འབྱོར་མར་ཆག་པ་ལས་འཕེལ་རྒྱས་བརྟན་ལྷིང་ལ་ཕོག་ཐུག་མི་འབྱུང་བ་བྱེད་དགོས།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལི་པི་ཡར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ཁེ་ཕན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་དེ་ལས་མང་པོ་སྣོན་དགོས། དེ་དང་ཆབས་ཅིག་ཕྱོགས་སོ་སོས་སུའུ་ཏན་གྱི་གདོང་ཐུག་གིས་ལི་པི་ཡའི་ཕྱི་ལ་ཐེབས་པའི་ཤུགས་རྐྱེན་ལ་སྔར་ལས་དོ་ཁུར་བྱས་ནས།  ཡུལ་གྱར་བ་ཕྱིར་ལོག་པའི་གནད་དོན་ལ་ཁ་གཏད་ནུས་ལྡན་གཏོང་བར་རོགས་རམ་བྱེད་དགོས།

 གཡང་འབུམ་རྒྱལ་གྱིས་བསྒྱུར།