ཧུའུ་སའེ་དྲག་ཆས་ཀྱིས་ཨ་རིའི་དམག་དཔུང་གིས་ཡེ་མེན་ནུབ་རྒྱུད་གྲུ་ཁར་མཁའ་རྒོལ་བྱས་ནས་མི38རྐྱེན་ལམ་དུ་ཤོར་ཟེར།
2025.04.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས18ཉིན་ཡེ་མེན་ཧུའུ་སའེ་དྲག་ཆས་ཀྱིས་ཚོད་འཛིན་བྱས་པའི་མ་ཞི་ལ་བརྙན་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས17ཉིན་གྱི་དགོང་མོར་ཨ་རིའི་དམག་དཔུང་གིས་ཡེ་མེན་ནུབ་རྒྱུད་ཧོ་ཐའེ་ཏ་ཞིང་ཆེན་དབྱི་ས་ཅའོ་གྲུ་ཁར་མཁའ་རྒོལ་བྱས་ནས་མི38རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི102ལ་རྨས་སྐྱོན་ཕོག་ཡོད་ཟེར།

གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་དམག་དཔུང་གིས་ཉིན་དེའི་ནམ་གུང་དབྱི་ས་ཅའོ་གྲུ་ཁར་མཁའ་རྒོལ་ཐེངས་གཉིས་བྱས་ནས་འབར་རྫས་གསོག་འཇོག་ལྕགས་ཀྲིན་མེར་ཤོར་ཡོད་པ་དང་།  རྐྱེན་ལམ་དུ་ཤོར་བའི་མི38ཀྱི་ཁྲོད་དུ་སྨན་བཅོས་མི་སྣ5ཡོད་ཅིང་། ཁོ་ཚོ་སྐོར་ཐེངས་དང་པོའི་མཁའ་རྒོལ་རྗེས་ཀྱི་སྐར་མ་ཁ་འགའི་རྗེས་སུ་ཡུལ་དངོས་སུ་འབྱོར་ཞིང་། སྐབས་དེར་ཨ་རིའི་དམག་དཔུང་གིས་གྲུ་ཁ་དེར་སྐོར་ཐེངས་གཉིས་པའི་མཁའ་རྒོལ་བྱས་པས་ཁོ་ཚོ་རྐྱེན་ལམ་དུ་ཤོར་བ་རེད།

ཚེས17ཉིན་ཨ་རིའི་དམག་ཕྱོགས་ཀྱིས་སྤྱི་ཚོགས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར།  ཉིན་དེར་ཨ་རིའི་དམག་དཔུང་གིས་ཧུའུ་སའེ་དྲག་ཆས་ཀྱིས་ཚོད་འཛིན་བྱས་པའི་དབྱི་ས་ཅའོ་གྲུ་ཁར་འཇབ་རྒོལ་བྱས་པས་གྲུ་ཁ་དེར་གཏོར་བརླག་བཏང་ཡོད་ཟེར།  དབྱི་ས་ཅའོ་གྲུ་ཁ་ནི་ཡེ་མེན་ནུབ་རྒྱུད་ཧོ་ཐའེ་ཏ་ཞིང་ཆེན་གྱི་གྲུ་ཁའི་གྲོང་ཁྱེར་ཧོ་ཐའེ་ཏ་ནུབ་བྱང་དུ་ཡོད་པ་དང་། ཡེ་མེན་བྱང་རྒྱུད་ཀྱི་ཧུའུ་སའེ་དྲག་ཆས་ཀྱིས་ཚོད་འཛིན་བྱས་པའི་ཞིང་ཆེན་དུ་འབར་རྫས་ནང་འདྲེན་བྱེད་པར་སྤྱོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཚེས17ཉིན་ཧུའུ་སའེ་དྲག་ཆས་ཀྱི་མགོ་ཁྲིད་པ་ཨ་པུའུ་ཏུའུ་ལི·མ་ལི་ཁེ·ཧུའུ་སའེ་ཡིས་མ་ཞི་ལ་བརྙན་འཕྲིན་ལས་ཁུངས་ནས་བརྙན་ལམ་གཏམ་བཤད་སྤེལ་ནས་བཤད་རྒྱུར།  ཟླ3པའི་ཚེས15ཉིན་ནས་བཟུང་རྩ་འཛུགས་དེས་དབྱི་སི་རལ་ལ་འཇབ་རྒོལ་ཐེངས26བྱས་པ་དང་། རྒྱ་མཚོ་དམར་པོའི་ཨ་རིའི་མཁའ་འགྲུལ་གྲུ་གཟིངས་དང་གྲུ་གཟིངས་གཞན་དག་ལ་འཇབ་རྒོལ་ཐེངས33བྱས་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར།