ཚེས17ཉིན་གྱི་ནམ་གུང་། ཝུའུ་ཁི་ལན་གྱི་ཙུང་ལིས་གཞོན་པ་དང་པོ། དཔལ་འབྱོར་པུའུ་ཀྲང་སི་ཝའེ་ལིས་ཅན་ཁའོ་ཡིས་སྤྱི་ཚོགས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས། ཝུའུ་ཁི་ལན་དང་ཨ་རིས་ཉིན་དེར་དྲ་ཐོག་གི་རྣམ་པ་བརྒྱུད་ནས་གཏེར་རྫས་གྲོས་མཐུན་སྐོར་གྱི་འདོད་བློ་དྲན་ཐོ་ཞིག་བཀོད་པ་རེད།
སི་ཝའེ་ལིས་ཅན་ཁའོ་ཡིས་བཤད་རྒྱུར། བརྗེད་ཐོ་དེས་རྒྱལ་ཁབ་གཉིས་ཀྱི་གྲོས་མོལ་ཚོགས་པའི་དགེ་མཚན་ལྡན་པའི་ལས་དོན་དང་དེ་མིན་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པའི་དཔལ་འབྱོར་རོགས་ཟླའི་གྲོས་མཐུན་ཞིག་འཇོག་པར་རེ་བ་བྱེད་པའི་འདོད་བློ་མཚོན་ཡོད་ཟེར། ཡིན་ནའང་སི་ཝའེ་ལིས་ཅན་ཁའོ་ཡིས་དྲན་ཐོའི་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་བྱས་མེད།
སི་ཝའེ་ལིས་ཅན་ཁོ་ཡིས་བསྟན་དོན། དེའི་རྗེས་ཀྱི་བྱ་བ་ནི་གཏེར་ཐོན་གྲོས་མཐུན་གྱི་ཡིག་ཆ་གཏན་འཁེལ་བྱེད་པ་དང་གྲོས་མཐུན་ལ་མིང་རྟགས་འགོད་རྒྱུ་དེ་ཡིན་པ་དང་། མིང་རྟགས་བཀོད་པའི་གྲོས་མཐུན་དེ་ཨ་རིའི་རྒྱལ་ཚོགས་དང་ཝུའུ་ཁི་ལན་གྱི་ཆེས་མཐོའི་ལ་ཏའི(དབྱི་ཧུའེ་གྲོས་ཁང)གྲོས་ཞིབ་དང་ཆོག་མཆན་སྤྲོད་དགོས། ཁོས་དུས་མཚུངས་སུ་ཝུའུ་ཁི་ལན་དང་ཨ་རི་ཕྱོགས་གཉིས་ཀྱིས་མིག་སྔར་ ཝུའུ་ཁི་ལན་གྱི་བསྐྱར་སྐྲུན་མ་འཇོག་ཐེབས་རྩ་འཛུགས་པར་གྲ་སྒྲིག་བྱེད་བཞིན་ཡོད་པར་བསྟན།
གཞན་ཡང་ཝུའུ་ཁི་ལན་གྱི་སྨྱན་བྱད་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཚེས་17ཉིན་ཨ་རིའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་འཚམས་འདྲིར་ཡོང་བའི་དབྱི་ཐ་ལིའི་ཙུང་ལི་མེ་ལུའོ་ཉི་དང་ཐུག་འཕྲད་བྱེད་སྐབས། ཨ་རི་དང་ ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱིས་གཟའ་འཁོར་རྗེས་མའི་གཟའ་ཕུར་བུའི་ཉིན(ཚེས24ཉིན)གཏེར་རྫས་གྲོས་མཐུན་ལ་མིང་རྟགས་འགོད་སྲིད་ཅེས་བཤད་ཡོད་པ་རེད།
ད་ལོའི་ཟླ2པའི་ཚེས28ཉིན། ཙེ་ལན་སི་ཅི་ཨ་རིའི་ཕོ་བྲང་དཀར་པོར་འཚམས་འདྲིར་སོང་བར་མ་ཟད། ཨ་རིའི་ཙུང་ཐུང་ཐི་ལིང་ཕུའུ་དང་ཐུག་འཕྲད་བྱེད་སྐབས་ཕྱོགས་གཉིས་ཀྱི་བར་དུ་ཁ་རྩོད་དྲག་པོ་བྱུང་བར་བརྟེན་གཏེར་རྫས་ཀྱི་གྲོས་མཐུན་ལ་མིང་རྟགས་འགོད་མ་ཐུབ། དེའི་རྗེས་སུ་རྒྱལ་ཁབ་གཉིས་ཀྱི་འཐུས་མིས་སོ་ཏི་ཨ་རབ་ཏུ་གྲོས་མོལ་ཐེངས་མང་བྱས། ཟླ3པའི་ཚེས28ཉིན། ཝུའུ་ཁི་ལན་གྱི་ཕྱོགས་ལ་ཨ་རིས་མཁོ་འདོན་བྱས་པའི་གཏེར་ཐོན་གྲོས་མཐུན་གྱི་ཇུས་གཞི་གསར་པ་འབྱོར་བ་དེ་པར་གཞི་སྔོན་མ་དང་གཏན་ནས་མི་འདྲ་བ་རེད། ཟླ4བའི་ཚེས11ཉིན་དང་ཚེས12ཉིན་ཝུའུ་ཁི་ལན་ཕྱོགས་ཀྱི་ཚོགས་པ་ཨ་རིར་སོང་ནས་གྲོས་མཐུན་གྱི་ནང་དོན་ཐད་ལག་རྩལ་རང་བཞིན་གྱི་གྲོས་མོལ་བྱས་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།