ཚེས19ཉིན་གྱི་དགོང་མོར་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་བརྙན་ལམ་གསལ་བསྒྲགས་ནང་བཤད་རྒྱུར། དབྱི་སི་རལ་གྱིས་དམག་འཐབ་དམིགས་འབེན་མངོན་འགྱུར་མ་བྱས་གོང་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་མཇུག་བསྒྲིལ་མི་སྲིད་ཟེར།
ནེ་ཐ་ཉི་ཡ་ཧུའུ་ཡིས་བཤད་རྒྱུར། ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)གྱིས་བཀག་ཉར་བྱས་པའི་མི་སྣ་ཁག་ཅིག་གློད་བཀྲོལ་གཏོང་བའི་གྲོས་གཞི་ཞིག་ལ་ཁས་མ་བླངས་པར་དབྱི་སི་རལ་གྱིས་དམག་འཁྲུག་མཇུག་བསྒྲིལ་ནས་ཅ་ཧྲ་ས་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་རེ་བ་རྒྱུན་འཁྱོངས་བྱས་ཡོད། ཁོས་ཧ་མ་སི་རྩ་མེད་དུ་གཏོང་བ་དང་ཅ་ཧྲ་ས་ཁུལ་དུ་བཀག་ཉར་བྱས་པའི་མི་སྣ་ཚང་མ་གློད་བཀྲོལ་གཏོང་བ། ཅ་ཧྲ་ས་ཁུལ་གྱིས་དབྱི་སི་རལ་ལ་འཇིགས་སྐུལ་མི་ཐེབས་པའི་འགན་ལེན་མ་བྱས་གོང་། དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་མཇུག་བསྒྲིལ་མི་སྲིད་ཅེས་བཤད།
ནེ་ཐ་ཉི་ཡ་ཧུའུ་ཡིས་བསྟན་དོན། མིག་སྔར་དབྱི་སི་རལ་གྱི་མི24ཅ་ཧྲ་ས་ཁུལ་དུ་སྔར་བཞིན་བཀག་ཉར་བྱས་ཡོད་པ་དང་། གཞན་ཡང་མི35ལ་གནོད་འཚེ་ཕོག་ཡོད་པ་གཏན་འཁེལ་བྱས་ཡོད། དབྱི་སི་རལ་ཕྱོགས་ཀྱི་ལས་འགན་ད་དུང་ལེགས་འགྲུབ་བྱུང་མེད་པས། དམག་འཐབ་ཀྱི་དམིགས་འབེན་ཚང་མ་མངོན་འགྱུར་མ་བྱུང་བར་དུ་དབྱི་སི་རལ་གྱིས་ཧ་མ་སི་ལ་གནོན་ཤུགས་ཆེན་པོ་སྟེར་རྒྱུ་ཡིན་ཟེར།
ཚེས14ཉིན་ཧ་མ་སི་ཡིས་མགོ་ཁྲིད་རིམ་པས་འདུམ་སྒྲིག་ཕྱོགས་ཀྱི་གྲོས་གཞི་ཞིག་ལ་ཞིབ་འཇུག་བྱེད་བཞིན་ཡོད་ཅེས་བཤད། ཉིན་དེར་ཧ་མ་སིའི་དཔོན་རིགས་ཤིག་གིས་འདུམ་སྒྲིག་ཕྱོགས་ཀྱིས་དུས་ཡུན་ཉིན45ཡི་དམག་འཁྲུག་མཚམས་འཇོག་པའི་གྲོས་གཞི་བཏོན་པ་དང་། དེའི་རིང་ཧ་མ་སིས་བཀག་ཉར་བྱས་པའི་དབྱི་སི་རལ་གྱི་མི་སྣ་ཁག་ཅིག་གློད་འཀྲོལ་གཏོང་རྒྱུ་རེད། གྲོས་གཞི་ལས་ད་དུང་ཧ་མ་སིའི་དྲག་ཆས་མེད་པར་བཟོ་དགོས་པའི་བླང་བྱ་བཏོན་པར་ཧ་མ་སིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་བཞིན་ཡོད། ཚེས17ཉིན་ཧ་མ་སིའི་མཐོ་རིམ་དཔོན་རིགས་ཧ་ལི་ལེ·ཧ་ཡ་ཡིས་བརྙན་ལམ་གཏམ་བཤད་སྤེལ་ནས་བཤད་རྒྱུར། ཧ་མ་སིས་མྱུར་དུ་ཁྱོན་ཡོངས་ཀྱི་གྲོས་མཐུན་ཞིག་བཞག་ནས། དབྱི་སི་རལ་གྱི་བཀག་ཉར་མི་སྣ་ཚང་མ་གློད་བཀྲོལ་གཏོང་བ་དང་། དབྱི་སི་རལ་གྱིས་དམག་འཁྲུག་མཚམས་བཞག་སྟེ་ཅ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱེད་པར་གྲ་སྒྲིག་བྱས་ཡོད་ཅེས་བཤད། ཁོས་ནེ་ཐ་ཉི་ཡ་ཧུའུ་དང་ཁོའི་སྲིད་གཞུང་གིས་གྲོས་མཐུན་ཁག་ཅིག་ལ་ཁ་གཡར་ནས་མུ་མཐུད་དུ་ཅ་ཧྲ་ས་ཁུལ་དུ་དམག་འཁྲུག་སྤེལ་བཞིན་ཡོད་ཅེས་སྐྱོན་འཛུགས་བྱས་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།