ཕུའུ་ཅིང་གིས་ཨུ་རུ་སུའི་དམག་དཔུང་གིས་འདས་ལོག་དུས་ཆེན་གྱི་རིང་དུ་གནས་སྐབས་སུ་དམག་འཁྲུག་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས།
2025.04.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས19ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཏུང་ཀྲེང་ཆོས་ལུགས་ཀྱི་འདས་ལོག་དུས་ཆེན་བསླེབ་ལ་ཉེ་བའི་སྐབས་སུ། ཨུ་རུ་སུའི་དམག་དཔུང་གིས་གནས་སྐབས་སུ་དམག་འཁྲུག་མཚམས་འཇོག་རྒྱུའི་བཀའ་རྒྱ་བཏང་།

ཨུ་རུ་སུའི་ཙུང་ཐུང་གི་སྤྱི་ཚོགས་སྨྱན་བྱད་རྩིས་ཐོའི་སྟེང་ཉིན་དེར་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། ཕུའུ་ཅིང་གིས་ཨུ་རུ་སུའི་དྲག་ཆས་སྟོབས་ཤུགས་ཀྱི་སྤྱི་ཁྱབ་ཚན་མོའུ་ཀྲང་ཀེ་ལ་ཞི་མོ་ཧྥུའུ་དང་ཐུག་འཕྲད་བྱེད་སྐབས།  ཟླ4བའི་ཚེས་20ཉིན་ཏེ་འདས་ལོག་དུས་ཆེན་ཐོན་ལ་ཉེ་དུས། ཚེས19ཉིན་གྱི་དུས་ཚོད་18ནས་ཚེས21ཉིན་གྱི་དུས་ཚོད0བར་དུ། ཨུ་རུ་སུའི་དམག་དཔུང་གིས་འཐབ་འཛིང་བྱ་སྤྱོད་ཚང་མ་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད། ཨུ་རུ་སུས་ཝུའུ་ཁི་ལན་གྱིས་ཀྱང་ཨུ་རུ་སུའི་བྱེད་སྟངས་ལྟར་བསྒྲུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

དེ་དང་ཆབས་ཅིག་ཕུའུ་ཅིང་གིས་ཨུ་རུ་སུའི་དམག་དཔུང་གིས་ངེས་པར་དུ་གྲ་སྒྲིག་ཡག་པོ་བྱས་ཏེ།  དམག་འཁྲུག་མཚམས་བཞག་པའི་རིང་ལ་ཚུར་རྒོལ་གྱི་བྱ་སྤྱོད་གང་རུང་བྱུང་ཚེ་ཕར་རྒོལ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

ཕུའུ་ཅིང་གིས་འཐབ་འཛིང་འབྲེལ་གཏུག་གི་དུས་བབ་གསལ་པོ་ཡིན་པ་སྟེ། ཨུ་རུ་སུའི་དམག་དཔུང་ལ་ཕན་པའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པས། ཨུ་རུ་སུའི་དམག་དཔུང་ཡིད་ཆེས་ཆེན་པོའི་སྒོ་ནས་རིམ་བཞིན་མདུན་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བཤད་ཡོད།

ཀེ་ལ་ཞིས་མོ་ཧྥུའུ་ཡིས་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཨུ་རུ་སུའི་དམག་དཔུང་གིས་ཨུ་རུ་སུའི་ཁུའུ་ཨར་སི་ཁི་ས་ཁུལ་ཚོད་འཛིན་བྱས་པ་དང་། ཝུའུ་ཁི་ལན་གྱི་དམག་དཔུང་ཨུ་རུ་སུའི་པེ་ཨེར་ཀོ་ལུའོ་ཏེ་ས་ཁུལ་དུ་བསྐྱོད་པའི་རེ་ངན་དེ་ཨུ་རུ་སུའི་དམག་དཔུང་གིས་ཕམ་པར་བྱས་སོང་ཞེས་བཤད་པ་རེད།

གཞན་ཡང་ཚེས19ཉིན་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་སྤྱི་ཚོགས་སྨྱན་བྱད་སྟེང་བརྡ་ཁྱབ་སྤེལ་ནས་བཤད་རྒྱུར། ཉིན་དེར་ཨུ་རུ་སུ་དང་ཝུའུ་ཁི་ལན་སོ་སོས་ཕ་རོལ་པ་བཟུང་བའི་མི་སྣ246རྩིས་སྤྲོད་བྱས་པ་དང་།    ཨུ་རུ་སུ་ཕྱོགས་ཀྱིས་ཝུའུ་ཁི་ལན་ཕྱོགས་ལ་རྨས་སྐྱོན་ཕོག་པའི་བཟུང་དམག31རྩིས་སྤྲོད་བྱས་པ་དང་།  ཨུ་རུ་སུའི་དམག་དཔུང་གི་བཟུང་དམག་དང་རྨས་མ15ཝུའུ་ཁི་ལན་ཕྱོགས་ཀྱིས་གློད་བགྲོལ་བཏང་ཡོད་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར།