ཡེ་མེན་ཧུའུ་སའེ་དྲག་ཆས་ཀྱིས་ཨ་རིའི་མི་མེད་གནམ་གྲུ་ཞིག་གཏོར།
2025.04.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས19ཉིན་ཡེ་མེན་ཧུའུ་སའེ་དྲག་ཆས་ཀྱི་མགྲིན་ཚབ་པ་ཡེ་ཧའེ་ཡ·ས་ལེ་ཡ་ཡིས་རྩ་འཛུགས་དེས་ཉིན་དེར་ཨ་རིའིMQ-9ཅན་གྱི་མི་མེད་གནམ་གྲུ་ཞིག་གཏོར་ཟེར།

ཚེས19ཉིན་ས་ལེ་ཡ་ཡིས་ཧུའུ་སའེ་དྲག་ཆས་ཀྱིས་ཚོད་འཛིན་བྱས་པའི་མ་ཞིས་ལ་བརྙན་འཕྲིན་ལས་ཁུངས་སུ་བརྙན་ལམ་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཧུའུ་སའེ་དྲག་ཆས་ཀྱིས་ཉིན་དེར་ས་ངོས་ནས་མཁའ་དབྱིངས་སུ་འཕུར་མདེལ་འཕངས་ནས་མི་མེད་གནམ་གྲུ་དེ་གཏོར་བ་དང་། དེ་ནི་ཧུའུ་སའེ་དྲག་ཆས་ཀྱིས་དུས་ཚོད་24ནང་བཟོ་དབྱིབས་དེའི་རིགས་ཀྱི་མི་མེད་གནམ་གྲུ་གཏོར་ཐེངས་གཉིས་པ་ཡིན་ཟེར།

མ་ཞིས་ལ་བརྙན་འཕྲིན་ལས་ཁུངས་ཀྱིས་ཉིན་དེར་ཧུའུ་སའེ་དྲག་ཆས་འཕྲོད་བསྟེན་སྡེ་ཁག་གི་གནས་ཚུལ་དྲངས་ནས་བཤད་རྒྱུར།  ཚེས19ཉིན་གྱི་དགོང་མོར་ཨ་རིའི་དམག་དཔུང་གིས་ཡེ་མེན་གྱི་རྒྱལ་ས་ས་ན་དང་།  དེའི་གྲོང་འདབས་དང་བྱང་རྒྱུད་ཀྱི་ཞིང་ཆེན་ཁག་ཅིག་ལ་མཁའ་རྒོལ་ཐེངས42བྱས་ནས། ཉུང་མཐར་ཡང་མི་3རྐྱེན་ལམ་དུ་ཤོར་བ་དང་མི4ལ་རྨས་ཕོག་ཡོད་ཟེར།  གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་པ་ལྟར་ན། རྒྱལ་ས་ས་ན་ལ་མཁའ་རྒོལ་བྱེད་པའི་དམིགས་འབེན་ནི་ཧུའུ་སའེ་དྲག་ཆས་ཀྱི་དམག་དོན་རྟེན་གཞི་དང་གོ་མཚོན་གྱི་མཛོད་གཏོར་བའི་ཆེད་རེད་ཟེར།

ཟླ3པའི་ཚེས15ཉིན་ཨ་རིས་ཡེ་མེན་གྱི་ཧུའུ་སའེ་དྲག་ཆས་ལ་གཞི་ཁྱོན་ཆེ་བའི་མཁའ་རྒོལ་བྱེད་མགོ་བརྩམས་པ་དང་། དེའི་རྗེས་སུ་ཧུའུ་སའེ་དྲག་ཆས་ཀྱིས་ཨ་རིའི་གནམ་གྲུའི་མཁའ་འགྲུལ་གྲུ་གཟིངས་དང་དེ་མིན་གྲུ་གཟིངས་གཞན་དག་ལ་རྡུང་རྡེག་བཏང་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།