འཇར་པན་གྱི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས་19ཉིན་འཇར་པན་གྱི་པེ་ཧའེ་ཏའོ་ཡི་ཟས་རིགས་འཕྲོད་བསྟེན་སྡེ་ཁག་གིས་བསྟན་དོན། ཉེ་ལམ་པེ་ཧའེ་ཏའོ་ཧྲི་ཧྲེང་ས་ཁུལ་དབྱིན་ཀེང་ཏིན་གྱི་བདེ་ཁམས་གསོལ་མགྲོན་ཁང་དུ་ནོ་རུའུ་ནད་དུག་ལས་བྱུང་བའི་ཚོགས་པའི་རང་བཞིན་གྱི་ཟས་དུག་ཕོག་པའི་དོན་རྐྱེན་བྱུང་ནས། མགྲོན་པོ140ལ་ཟ་མ་ཟོས་རྗེས་ཁོག་པ་བཤལ་པ་དང་སྐྱུག་པ། ཚ་རྒྱག་པ་སོགས་ཀྱི་ནད་རྟགས་བྱུང་ཡོད།
གནས་ཚུལ་སྤེལ་བ་ལྟར་ན། ཞིབ་དཔྱད་བྱས་པ་བརྒྱུད་ཚེས8ཉིན་གྱི་དགོང་ཟས་ནས་ཚེས12ཉིན་གྱི་ཞོགས་ཟས་བར་གསོལ་མགྲོན་ཁང་དེའི་ཟ་མའི་ནང་དུ་ནོ་རུའུ་ནད་དུག་ཡོད་པ་རེད། མིག་སྔར།ནད་པའི་ནད་གཞི་ཇེ་བཟང་དུ་སོང་ཡོད་ཅིང་གསོལ་མགྲོན་ཁང་དེས་ཚོང་གཉེར་བྱེད་མཚམས་བཞག་ཡོད།
ཚེས19ཉིན་འཇར་པན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཡིག་ཆ་སྤེལ་ནས། ཉེ་ལམ་འཇར་པན་གྱི་ས་ཆ་མང་པོ་ཞིག་ཏུ་ཚོགས་པའི་རང་བཞིན་གྱི་ཟས་རིགས་འཕྲོད་བསྟེན་བདེ་འཇགས་དོན་རྐྱེན་བྱུང་ནས་ནོ་རུའུ་ནད་དུག་འགོས་པའི་གནས་ཚུལ་ཡོད་པར་མ་ཟད། ཚབས་ཆེ་བའི་ནད་པ་ཁ་ཤས་ཚེ་ལས་འདས་ཡོད་པ་གསལ་འདེབས་བྱས། འཇར་པན་་གྱི་ཞིབ་འཇུག་སྒྲིག་གཞིས་བཤད་རྒྱུར། ནུའོ་རུའུ་ནད་དུག་སོགས་ཀྱིས་བསྐྱེད་པའི་འགོས་ནད་རང་བཞིན་གྱི་ཕོ་རྒྱུ་ཚ་ནད་བྱུང་བའི་ནད་པའི་གྲངས་འབོར་དེ་ཉེ་བའི་ལོ10རིང་གི་ཆེས་མཐོ་ཤོས་སུ་སླེབས་ཡོད་པར་བཤད། འཇར་པན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་འཇར་པན་དུ་སྡོད་པའི་སྤུན་ཟླ་དང་ལྷག་པར་དུ་འཇར་པན་དུ་ཡོང་བའི་ཡུལ་སྐོར་བས་བདེ་འཇགས་སྔོན་འགོག་ལ་ཤུགས་སྣོན་བརྒྱབ་སྟེ། མི་ལུས་དང་བཟའ་བཅའི་འཕྲོད་བསྟེན་བདེ་ཐང་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱེད་བཞིན་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།