ཁོང་ཀོ(ཅིན)གྱི་གྲུ་གཟིངས་ཤིག་ལ་མེ་སྐྱོན་བྱུང་བའི་དོན་རྐྱེན་ཁྲོད་མི་བརྒྱ་ལྷག་ཙམ་རྐྱེན་ལམ་དུ་ཤོར།
2025.04.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས19ཉིན་ཁོང་ཀོ(ཅིན)གྱི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན།ཉིན་འགའི་སྔོན་དུ་རྒྱལ་ཁབ་དེའི་ནུབ་བྱང་རྒྱུད་ཀྱི་ཐིག་དམར་ཞིང་ཆེན་དུ་ཡོད་པའི་གྲུ་གཟིངས་ཤིག་ལ་མེ་སྐྱོན་ཚབས་ཆེན་བྱུང་ནས་མི100ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་མི150ལྷག་ཙམ་གར་སོང་ཆ་མེད་དུ་གྱུར་ཡོད།

ས་གནས་དེའི་སྨྱན་བྱད་ཀྱིས་ཡུལ་དེའི་དཔོན་རིགས་ཤིག་གི་སྐད་ཆ་དྲངས་ནས་སྤེལ་བའི་གནས་ཚུལ་ལྟར་ན།ཟླ4བའི་ཚེས16ཉིན་གྱི་མཚན་མོ།ཞིང་ཆེན་དེའི་ལྟེ་བའི་གྲོང་ཁྱེར་མུའུ་པན་ཏ་ཁའི་ཉེ་འགྲམ་གྱི་ཁོང་ཀོ་གཙང་པོའི་ཆུ་ཁོངས་སུ་གྲུ་གཟིངས་ཤིག་མེར་ཤོར་ནས་མི་སྣར་ཤི་རྨས་ཚབས་ཆེན་བཟོས་ཡོད། མིག་སྔར་མི250ལྷག་ཙམ་སྐྱོབ་ཐུབ་པར་གྱུར་བ་དང་རྨས་སྐྱོན་ཕོག་མཁན་རྣམས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད། དཔོན་རིགས་དེས་དོན་རྐྱེན་བྱུང་བའི་གྲུ་གཟིངས་དེའི་སྟེང་དུ་ཡོད་པའི་བྱེ་བྲག་གི་མི་གྲངས་དང་མེར་ཤོར་བའི་རྒྱུ་རྐྱེན་གསལ་བཤད་བྱས་མེད། ཐིག་དམར་ཞིང་ཆེན་གྱི་གྲོས་མི་ཞིག་གིས་བཤད་པ་ལྟར་ན།དོན་རྐྱེན་བྱུང་བའི་གྲུ་གཟིངས་དེའི་སྟེང་དུ་ཧ་ལམ་མི500ཡོད་ཟེར།

ས་གནས་དེའི་སྲིད་གཞུང་གིས་ཚེས19ཉིན་རྐྱེན་ལམ་དུ་ཤོར་བའི་མི་ཁག་ཅིག་གི་བེམ་པོ་དུར་འཇུག་བྱེད་པའི་མཛད་སྒོ་བསྡུས། ཁོང་ཀོ(ཅིན)རྒྱ་གྲམ་དམར་པོ་ཚོགས་པ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ས་གནས་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས།བེམ་པོ་འཚོལ་ཞིབ་དང་དུར་འཇུག་བྱ་བར་རྩ་འཛུགས་བྱེད་བཞིན་ཡོད་པ་རེད།

ཁོང་ཀོ(ཅིན)མངའ་ཁོངས་སུ་ཆུ་བོ་དང་མཚེའུ་མང་པོ་ཡོད་པ་དང་།གྲུ་གཟིངས་ལ་འདུག་རྒྱུ་ནི་གྲོང་མི་རྣམས་འགྲོ་འོང་བྱེད་སྟངས་གཙོ་བོའི་གྲས་ཤིག་རེད། གྲུ་གཟིངས་རྙིང་པ་དང་ཐེག་ཚད་ལས་བརྒལ་བ་སོགས་ཀྱི་རྐྱེན་གྱིས་གྲུ་གཟིངས་ཆུར་ནུབ་པའི་དོན་རྐྱེན་རྒྱུན་དུ་འབྱུང་བཞིན་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།