ཉིན་ཤས་ཀྱི་སྔོན་དུ་པི་ལི་ཧྲིའི《ལྡོག་སྒྲ་ཚགས་པར》སྟེང་བཀོད་པའི་ཚགས་པར་དེའི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་སེ་ཨར་རི·ཁྭ་ཏི་པ་ཧྲི་ཡི《ང་ཚོ་འཕྲད་པའི་འཛམ་གླིང་གི་གནས་སྟངས》ཞེས་པའི་དཔྱད་བརྗོད་རྩོམ་ལས།ཨ་རིའི་འདྲ་མཚུངས་སྒོ་ཁྲལ་ཟེར་བ་དེས་གོ་ལ་ཧྲིལ་པོར་ཉམས་ཉེན་བྱུང་ནས།རྒྱལ་སྤྱིའི་སྒྲིག་སྲོལ་མ་ལག་དེ་གྲུབ་ཚུལ་དབྱེ་འབྱེད་ཀྱི་ཉེན་ཁར་འཕྲད་བཞིན་ཡོད་ཅེས་འཁོད་ཡོད། རྩོམ་ཡིག་གི་ནང་དོན་གནད་བསྡུས་གཤམ་གསལ་ལྟར།
ཨ་རིའི་སྲིད་གཞུང་གསར་པའི་སྒོ་ཁྲལ་སྲིད་ཇུས་ཀྱི་ལྟེ་བའི་གཏན་ཚིགས་ནི།གཏུམ་སྤྱོད་ཀྱི་བྱེད་ཐབས་ལ་བརྟེན་ནས་ཉོ་ཚོང་བསྐྱར་དུ་གཏོད་པ་ཡིན་ཞིང་།དེས་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་མེད་པར་གྱུར་ཡོད། ཨ་རིའི་རལ་གྲི་དེ་འཛམ་གླིང་གི་དཔལ་འབྱོར་དངོས་ཕུང་གཙོ་བོར་སྟོན་པ་དང་ཆབས་ཅིག་དར་རྒྱས་མིན་པའི་རྒྱལ་ཁབ་དག་ཁུངས་མེད་ཀྱི་སྒོ་ཁྲལ་དམག་འཁྲུག་ནང་འདྲུད་བཞིན་ཡོད་པས་ཉམས་ཞན་གྱི་ཚོགས་པ་དེ་དག་གནོད་འཚེ་ཕོག་མཁན་ཆེ་ཤོས་སུ་འགྱུར་རྒྱུ་རེད།
ཨ་རིས་ད་ལྟའི་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་ཀྱི་རྣམ་འགྱུར་ལ་མཐོང་ཆེན་བྱེད་པ་དེ་རྗེས་དཔག་ལས་ལྷག་པ་དང་དྲག་ཤུགས་ཀྱིས་གྲོས་མོལ་བྱེད་པར་གནོན་ཤུགས་སྟེར་བར་བརྩི་འཇོག་བྱེད་ཀྱི་ཡོད།ཨ་རིས་རང་ཉིད་ཀྱིས་བཏབ་པའི་ཉམས་ཉེན་གྱི་ས་བོན་ཚོད་འཛིན་མི་ཐུབ་པའི་མྱུར་ཚད་ཀྱིས་རང་ཉིད་ལ་ཤུགས་སྣོན་བྱེད་བཞིན་ཡོད། ཨ་རི་སྲིད་གཞུང་གིས་རྒྱལ་ཁབ་བཅུ་ཕྲག་ཁ་ཤས་ཀྱིས་རང་འགུལ་ངང་ཕོ་བྲང་དཀར་པོའི་གྲོས་མོལ་གྱི་སྒོ་མོ་རྡུང་ཡོད་ཅེས་ཁྱབ་བསྒྲགས་བྱེད་སྐབས།དེའི་འཐབ་ཇུས་ཀྱི་བསམ་གཞིགས་ཡང་དག་མིན་པ་ཞན་ཆ་དེ་དང་ཆབས་ཅིག་མངོན་ཡོད་པ་སྟེ།རྙོག་འཛིང་ཆེ་བའི་ལག་རྩལ་རྣམ་པའི་གྲོས་མོལ་བཅུ་ཕྲག་ཁ་ཤས་ལ་དུས་མཉམ་དུ་ཇི་ལྟར་བྱས་ནས་སྐུལ་འདེད་གཏོང་ཐུབ་བམ། ང་ཚོས་ད་ལྟའི་བར་དུ་ད་དུང་ཐག་གཅོད་ཀྱི་ཇུས་གཞི་གང་ཡང་མཐོང་མ་བྱུང་།
ཨ་རི་སྲིད་གཞུང་གིས་ཐེངས་རྗེས་མའི་སྒོ་ཁྲལ་དེ་སྨན་རྫས་བཟོ་སྐྲུན་ལས་རིགས་ལ་དམིགས་རྒྱུ་ཡིན་ཞེས་བཤད་སྐབས།མཁོ་སྤྲོད་སྦྲེལ་ཐག་གི་རྙོག་འཛིང་རང་བཞིན་དེ་རྩ་བ་ནས་སྣང་མེད་དུ་བཞག་ཡོད་པ་འདྲ། དོན་དངོས་སུ་ཨ་རིའི་ས་གནས་དེའི་ཁེ་ལས་སྔ་མོ་ནས་རང་རྒྱལ་གྱི་མཁོ་སྤྲོད་སྦྲེལ་ཐག་ལས་བརྒལ་བ་རེད།
མིག་སྔའི་མ་རྐང་ཁྲོམ་རའི་འཕར་ཆག་དྲག་པོ་དེས་མ་རྐང་འཛིན་ཤོག་ཡོད་པའི་ཨ་རིའི་མི་འབོར་མང་པོ་ཞིག་ལ་གནོད་འཚེ་བཟོས་ཡོད་པ་དང་།དེ་ལས་ཀྱང་ཉེན་ཁ་ཆེ་བ་ཞིག་ནི་ཐོན་པའི་ཕན་འབྲས་ཐོག་མར་མངོན་པ་སྟེ།ཉེ་ལམ་ཨ་རིའི་མ་རྐང་ཁྲོམ་ར་ཆེས་ཆེར་ཆག་རྗེས།བུ་ལོན་ཁྲོམ་རར་ཡང་གནོད་འཚེ་ཚབས་ཆེན་ཕོག་པ་དང་།སྐྱེད་ཀ་འཕར་བའི་གནས་ཚུལ་གྱིས་དངོས་ཕུང་དཔལ་འབྱོར་ལ་ཉེན་ཁ་བཟོས་པར་མ་ཟད།ཨ་རིའི་དངུལ་རྩའི་ལས་རིགས་ཁག་པྲོག་གསར་རིམས་ནད་ཀྱི་དུས་སྐབས་དང་བསྡུར་ནའང་འཇིགས་སྣང་གི་བསམ་གཞིགས་ཁྲོད་ལྷུང་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།