ཧྥེ་ལེ་པེན་གྱི་མང་ཚོགས་ཀྱིས་ཧྥེ་ལེ་པེན་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་ངོ་རྒོལ་བྱས།
2025.04.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཧྥེ་ལེ་པེན་དང་ཨ་མེ་རི་ཁའི་དམག་ཕྱོགས་ཀྱིས་ཚེས21ཉིན་ཧྥེ་ལེ་པེན་གྱི་རྒྱལ་ས་མཱ་ནེ་ལཱ་ནས2025ལོའི་དཔུང་བ་མཉམ་གཤིབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས། ཧྥེ་ལེ་པེན་གྱི་མང་ཚོགས་ཀྱིས་ཉིན་དེར་འདུ་ཚོགས་བསྡུས་ཏེ་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ངོ་རྒོལ་བྱས་པ་དང་། དམག་དོན་སྦྱོང་བརྡར་དེས་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་འཇིགས་ཉེན་ཐེབས་སྲིད་པར་འདོད།

ཉིན་དེའི་སྔ་དྲོར། ཧྥེ་ལེ་པེན་གྱི་མང་ཚོགས་ཀྱིས་ཧྥེ་ལེ་པེན་གྱི་དྲག་ཆས་དམག་དཔུང་སྤྱི་ཁྱབ་པུའུ་ཡི་ཕྱི་རོལ་ནས་འདུ་ཚོགས་བསྡུས་ཏེ་ངོ་རྒོལ་བྱས་པ་དང་། དཔུང་བ་མཉམ་གཤིབ་ཅེས་པའི་དམག་དོན་སྦྱོང་བརྡར་སྤེལ་མི་རུང་། ཨ་མེ་རི་ཁ་བཙན་རྒྱལ་རིང་ལུགས་ནི་ཆེས་ཆེ་བའི་འཇིགས་སྐུལ་ཉེས་ཅན་ཡིན། ཨ་མེ་རི་ཁའི་དམག་དཔུང་མྱུར་མོར་ཁ་འབྲལ་དགོས་ཞེས་པ་སོགས་ཀྱི་འཕྲེད་བྱང་བཟུང་ནས་ཁ་གཡང་མཐོན་པོར་བསྒྲགས་ནས་དམག་དོན་སྦྱོང་བརྡར་ལ་ངོ་རྒོལ་བྱས།

ཧྥེ་ལེ་པེན་དམངས་ཁྲོད་ཚོགས་ཁག་རྒྱལ་སྤྱིའི་གསར་བའི་མནའ་འབྲེལ་གྱིས་དམག་དོན་སྦྱོང་བརྡར་དེར་འགྲོ་སོང་ཆེན་པོ་བཏང་ནས་སྤྱི་ཚོགས་ཀྱི་འཁོར་སྐྱོད་ལ་བར་ཆད་བཟོས་པར་མ་ཟད། ཧྥེ་ལེ་པེན་རྒྱལ་ཁབ་ཀྱི་བདེ་འཇགས་དང་བདག་དབང་ལ་འཇིགས་ཉེན་བཟོས་པར་སྐྱོན་འཛུགས་བྱས། ཚོགས་ཁག་དེས་ད་རུང་གཞི་རྒྱ་དེ་འདྲའི་ཆེ་བའི་དམག་དོན་སྦྱོང་བརྡར་གྱིས་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་གཏོང་སྲིད་པའི་ཉེན་བརྡ་བཏང་།

ཧྥེ་ལེ་པེན་དམག་ཕྱོགས་ཀྱི་བཤད་ཚུལ་ལྟར་ན། 2025ལོའི་དཔུང་བ་མཉམ་གཤིབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཟླ5བའི་ཚེས9ཉིན་བར་སྤེལ་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།