ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས21ཉིན་བཤད་རྒྱུར། ཨུ་རུ་སི་ཡིས་ཞི་བདེའི་གྲོས་གཞི་གང་རུང་ལ་རྣམ་འགྱུར་བཟང་བོ་བཟུང་ཡོད་པར་མ་ཟད། ཝུའུ་ཁི་ལན་ཕྱོགས་ཀྱིས་ཀྱང་དོན་དེར་གཅིག་མཚུངས་ཀྱི་རྣམ་འགྱུར་འཛིན་དགོས་ཟེར།
ཁི་ལི་མུའུ་ལིན་ཕོ་བྲང་དྲ་ཚིགས་ཀྱིས་ཚེས21ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན། འདས་ལོག་དུས་ཆེན་སྐབས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་མཇུག་སྒྲིལ་རྗེས། དམག་དོན་འགུལ་སྐྱོད་སླར་གསོ་བྱས་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཁྲུག་རྩོད་མཚམས་འཇོག་པར་རྣམ་འགྱུར་བཟང་བོ་བཟུང་ཡོད་པས་གྲོས་འགོ་དེ་བཏོན་པ་ཡིན་ཟེར། ད་ལྟ་ཝུའུ་ཁི་ལན་ཕྱོགས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ་འཁྲུག་རྩོད་མཚམས་འཇོག་པའི་དུས་ཚོད་དང་སྒྲིག་ཆས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་པའི་གྲོས་གཞི་འདོན་རྩིས་ཡོད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་དོན་དེར་བསམ་བློ་བཏང་སྟེ་ནན་ཏན་གྱིས་དཔྱད་འཇོག་བྱེད་ངེས་ཡིན་ཟེར།
ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་འདས་ལོག་དུས་ཆེན་སྐབས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་བཏོན་རྗེས། ཝུའུ་ཁི་ལན་གྱིས་གྲོས་མཐུན་དེར་འགལ་བའི་བྱ་སྤྱོད་ཐེངས་སྟོང་ལྔ་ཙམ་སྤེལ་ཡོད་ཀྱང་། སྤྱི་ཕྱོགས་ནས་འཐབ་འཁྲུག་ཇེ་ཉུང་དུ་སོང་ཡོད་པས་ཨུ་རུ་སིའི་ཕྱོགས་ཀྱིས་དེར་དགའ་བསུ་བྱེད་བཞིན་ཡོད་ཟེར།
དམངས་བཀོལ་རྨང་གཞིའི་སྒྲིག་ཆས་ལ་ཆམ་ཕབ་མི་གཏོང་བའི་གྲོས་གཞི་གླེང་སྐབས་ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་གྲོས་མོལ་སྤེལ་བར་རེ་བ་ཡོད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་གནས་ཚུལ་ཚང་མར་དབྱེ་ཞིབ་གསལ་བོ་བྱས་ཏེ་འབྲེལ་ཡོད་ཀྱི་ཆོད་དོན་སྤེལ་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།