ཝུའུ་ཁི་ལན་དང་དབྱིན་ཇི། ཧྥ་རན་སི། ཨ་མེ་རི་ཁ་བཅས་ཀྱིས་ལོན་ཏོན་ནས་འཁྲུག་རྩོད་མཚམས་འཇོག་པའི་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད།
2025.04.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ཚེས21ཉིན་གྱི་དགོང་མོར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཝུའུ་ཁི་ལན་དང་དབྱིན་ཇི། ཧྥ་རན་སི། ཨ་མེ་རི་ཁ་བཅས་ཀྱི་འཐུས་མིས་ཚེས23ཉིན་དབྱིན་ཇིའི་ལོན་ཏོན་ནས་གྲོས་མོལ་བྱས་ཏེ་འཁྲུག་རྩོད་མཚམས་འཇོག་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཁོས་ཚེས21ཉིན་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ་དང་ཁ་པར་གྲོས་མོལ་ཞིབ་ཏུ་བྱས་ཡོད་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱི་འཐུས་མིས་ཚེས23ཉིན་ལོན་ཏོན་ནས་དབྱིན་ཇི་དང་ཧྥ་རན་སི། ཨ་མེ་རི་ཁ་བཅས་རྒྱལ་ཁབ་གསུམ་གྱི་འཐུས་མི་དང་གྲོས་མོལ་བྱེད་རྒྱུ་ཡིན་ལ། ཝུའུ་ཁི་ལན་ཕྱོགས་ཀྱིས་འཛུགས་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་གྲོས་མོལ་དེར་སྐུལ་འདེད་བཏང་ནས་ཆ་རྐྱེན་ཅི་ཡང་མེད་པར་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱས་ཏེ། ངེས་པ་དོན་གྱི་ཡུན་རིང་གི་ཞི་བདེ་མངོན་འགྱུར་བྱེད་འདོད་ཡོད་ཟེར།

ཙེ་ལིན་སི་ཅི་ཡིས་བསྟན་དོན། ཆ་རྐྱེན་ཅི་ཡང་མེད་པར་འཁྲུག་རྩོད་མཚམས་འཇོག་པ་དེ་ཞི་བདེ་མངོན་འགྱུར་བྱེད་པའི་གོ་རིམ་དང་པོར་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།