འབར་མའི་རྒྱལ་སྲུང་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་པུའུ་ཡིས་ཚེས22ཉིན་སྤྱི་སྒྲོག་སྤེལ་ཏེ། གནས་སྐབས་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་ཉིན8ཀྱིས་ཇེ་རིང་དུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས།
དེའི་སྔོན་འབར་མའི་རྒྱལ་སྲུང་དམག་དཔུང་གིས་ཟླ4བའི་ཚེས2ཉིན་ནས་ཟླ4བའི་ཚེས22ཉིན་བར་གནས་སྐབས་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས། སྤྱི་སྒྲོག་ལས་བཤད་རྒྱུར། རྒྱལ་སྲུང་དམག་དཔུང་གིས་ཟླ4བའི་ཚེས23ཉིན་ནས་ཟླ4བའི་ཚེས30ཉིན་བར་མུ་མཐུད་དུ་གནས་སྐབས་འཁྲུག་རྩོད་མཚམས་བཞག་སྟེ། མྱུར་མོར་ས་ཡོམ་གནོད་ཐེབས་ས་ཁུལ་གྱི་བསྐྱར་འཛུགས་བྱ་བ་སྤེལ་ནས་རྒྱལ་ཁབ་ཀྱི་ཞི་བདེ་དང་གཏན་འཇགས་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར།
སྤྱི་སྒྲོག་ལས་ད་རུང་བཤད་རྒྱུར། གནས་སྐབས་འཁྲུག་རྩོད་མཚམས་འཇོག་པའི་སྐབས་སུ། མི་རིགས་ས་གནས་ཀྱི་དྲག་ཆས་པ་དང་དྲག་ཆས་རྩ་འཛུགས་གཞན་པས་མང་ཚོགས་ཀྱི་འགྲིམ་འགྲུལ་ལམ་ཐིག་དང་ཚེ་སྲོག སྤྱི་བའི་རྒྱུ་ནོར་བཅས་ལ་བར་ཆད་བཟོ་བའམ་དཔུང་འཇུག་བྱེད་མི་རུང་བ་དང་། བདེ་འཇགས་དང་ཁྲིམས་བསྟར་བྱ་བའི་འགན་ཁུར་བའི་བདེ་འཇགས་དམག་དཔུང་གི་སྒར་ས་དང་དམག་དོན་རྟེན་གཞིར་འཇབ་རྒོལ་བྱེད་མི་རུང་ལ། ཞི་བདེ་ལ་གཏོར་བརླག་བྱེད་པའི་སྟབས་ཤུགས་གཅིག་བསྡུས་དང་བཅོས་སྒྲིག་བྱས་ནས་ས་ཁོངས་རྒྱ་བསྐྱེད་ཀྱི་བྱ་སྤྱོད་གང་ཡང་སྤེལ་མི་རུང་། གལ་ཏེ་འགུལ་སྐྱོད་དེ་རིགས་སྤེལ་ན། རྒྱལ་སྲུང་དམག་དཔུང་གིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་མང་ཚོགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།
ཉེ་བའི་ལོ་འགའི་རིང་ལ། འབར་མའི་ས་ཁུལ་སོ་སོའི་དྲག་ཆས་རྩ་འཛུགས་དང་རྒྱལ་སྲུང་དམག་དཔུང་བར་དུས་རྒྱུན་དུ་འཐབ་འཁྲུག་དང་འཁྲུག་རྩོད་འབྱུང་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།