ཝུའུ་ཁི་ལན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས22ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ཉིན་དེར་སྨྱན་བྱད་ལ་བསྟན་དོན། འཁྲུག་རྩོདོ་མཚམས་འཇོག་པའི་གྲོས་མཐུན་བཀོད་རྗེས། ཝུའུ་ཁི་ལན་ཕྱོགས་ཀྱིས་རྣམ་པ་གང་རུང་གི་གྲོས་མོལ་བྱེད་འདོད་ཡོད་ཀྱང་། བཙན་བཟུང་བྱས་པའི་ས་ཁོངས་དེ་ཨུ་རུ་སིར་གཏོགས་པར་ནམ་ཡང་ཁས་ལེན་བྱེད་མི་སྲིད་ཟེར།
ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པས་ཚེས23ཉིན་དབྱིན་ཇིའི་ལོན་ཏོན་ནས་དབྱིན་ཇི་དང་ཧྥ་རན་སི། འཇར་མན། ཨ་མེ་རི་ཁ་བཅས་ཀྱི་འཐུས་མི་དང་གྲོས་མོལ་བྱས་ཏེ། ཕྱོགས་ཡོངས་སམ་ཁག་ཅིག་གི་འཁྲུག་རྩོད་མཚམས་འཇོག་པའི་དོན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་དོན་དེར་གྲ་སྒྲིག་བྱས་ཡོད་ཟེར།
ཙེ་ལིན་སི་ཅི་ཡིས་ད་རུང་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཀྱང་རྣམ་དག་གྲོས་མོལ་བྱེད་པར་གྲ་སྒྲིག་བྱེད་དགོས་ཟེར། ཁོས་ད་རུང་ནན་གྱིས་བསྟན་དོན། ཝུའུ་ཁི་ལན་གྱིས་དུས་ནམ་ཡང་བཙན་བཟུང་བྱས་པའི་ས་ཁོངས་དེ་ཨུ་རུ་སིར་གཏོགས་པར་ཁས་ལེན་བྱེད་མི་སྲིད་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སི་ཡིས་ཁི་ལི་མུས་ཡཱ་ས་ཁུལ་གྱི་བཙན་བཟུང་ཁས་ལེན་བྱེད་མི་སྲིད། གནད་དོན་དེའི་ཐད་ནས་གྲོས་མོལ་བྱེད་རྒྱུ་ཅི་ཡང་མེད་ལ། ང་ཚོའི་རྩ་ཁྲིམས་ཀྱི་གཏན་འཁེལ་ལས་བརྒལ་ཡོད་ཟེར།
ཙེ་ལིན་སི་ཅི་ཡིས་ཚེས21ཉིན་བསྟན་དོན། ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་འཁྲུག་རྩོད་མཚམས་འཇོག་པ་དེ་ཞི་བདེ་མངོན་འགྱུར་བྱེད་པའི་གོམ་རིམ་དང་པོ་ཡིན། ཝུའུ་ཁི་ལན་ཕྱོགས་ཀྱིས་འཛུགས་སྐྲུན་རང་བཞིན་ལྡན་པའི་བྱེད་ཐབས་ཀྱིས་ཆ་རྐྱེན་ཅི་ཡང་མེད་པར་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།