ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱོགས་ཡོངས་ནས་བསྐྱར་འཛུགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
2025.04.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་ཡིས་ཚེས22ཉིན་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱོགས་ཡོངས་ཀྱི་བསྐྱར་འཛུགས་འཆར་གཞི་ལག་བསྟར་བྱས་ཤིང་། མི་སྣ་ཇེ་ཉུང་དུ་གཏོང་བ་དང་མ་རྩ་ཇེ་ཆུང་དུ་བཏང་ནས། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་བསྒྲགས་པའི་ཨ་མེ་རི་ཁ་གཙོར་འཛིན་གྱི་ཕྱི་ཕྱོགས་སྲིད་ཇུས་དངོས་འབེབས་བྱེད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

ལུའུ་པུས་ཨོ་ཡིས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཨ་མེ་རི་ཁ་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་འགྲན་རྩོད་ཆེན་པོར་འཕྲད་ཡོད་པ་དང་། མིག་སྔའི་རྒྱལ་སྲིད་སྤྱི་ཁྱབ་ཁང་དུ་ལས་ཁུངས་མང་ཞིང་དཔོན་ཉམས་རིང་ལུགས་ཚབས་ཆེན་ཡིན་པས། རྒྱལ་ཁབ་ཆེན་མོའི་འགྲན་རྩོད་ཀྱི་དུས་རབས་སུ། རང་གི་ཕྱི་འབྲེལ་གྱི་འགན་འཁྲི་གལ་ཆེན་ལག་བསྟར་བྱེད་དཀའ་བར་མངོན། བསྐྱར་འཛུགས་འཆར་གཞི་དེའི་དམིགས་ཡུལ་ནི་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་དེ་དུས་རབས་ཉེར་གཅིག་པར་བསླེབས་པར་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་ཨ་མེ་རི་ཁའི་རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བོར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱོགས་ཡོངས་ཀྱི་བསྐྱར་འཛུགས་འཆར་གཞིའི་དུས་རིམ་དང་པོར་ཨ་མེ་རི་ཁའི་མངའ་ཁོངས་ནས་བརྒྱ་ཆའི་བཅོ་ལྔའི་མི་སྣ་ཇེ་ཉུང་དུ་གཏོང་རྒྱུ་ཡིན་པ་དང་། དོན་གཅོད་ལས་ཁུངས་བརྒྱ་དང་སོ་གཉིས་མེད་པར་གཏོང་རྒྱུ་རེད།

བྱ་སྤྱོད་དེ་ནི་ཨ་མེ་རི་ཁའི་ཕྱི་འབྲེལ་ཁོངས་གཏོགས་ཀྱི་ལོ་ངོ་བཅུ་ཕྲག་འགའི་རིང་གི་བཅོས་བསྒྱུར་ཆེས་ཆེན་པོ་ཞིག་ཡིན་པ་དང་། ཐི་ལིང་ཕུའུ་སྲིད་གཞུང་གིས་ཨ་མེ་རི་ཁའི་ཕྱི་འབྲེལ་སྲིད་ཇུས་བསྐྱར་འཛུགས་དང་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་གཞི་རྒྱ་ཇེ་ཆུང་དུ་གཏོང་བའི་བྱེད་ཐབས་གསར་བ་ཞིག་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།