དབྱི་ལིང་གིས་ཨ་མེ་རི་ཁའི་བར་གྱི་ལག་རྩལ་གྲོས་མོལ་དེ་ཚེས26ཉིན་བར་རྗེས་སུ་སྣུར་བའི་ཚུལ་བསྟན།
2025.04.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅཱ་ཨེ་ཡིས་ཚེས22ཉིན་བཤད་རྒྱུར། དབྱི་ལིང་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་ལག་རྩལ་ཚོགས་ཁག་གི་ཆེད་མཁས་རིམ་པའི་གྲོས་མོལ་དེ་ཚེས26ཉིན་བར་རྗེས་སུ་སྣུར་ཡོད་ཟེར།

དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཚེས22ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། པཱ་ཅཱ་ཨེ་ཡིས་བསྟན་དོན། ཨ་མན་གྱིས་གྲོས་གཞི་བཏོན་པ་དང་། དབྱི་ལིང་དང་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པ་ཡིད་འཐད་བྱུང་བ་བརྒྱུད། ཚེས23ཉིན་སྤེལ་བར་གཏན་འཁེལ་བྱས་ཡོད་པའི་དབྱི་ལིང་དང་ཨ་མེ་རི་ཁའི་བར་གྱི་བརྒྱུད་པའི་གྲོས་མོལ་སྒྲོམ་གཞིའི་ནང་གི་ལག་རྩལ་གྲོས་མོལ་དེ་ཚེས26ཉིན་བར་རྗེས་སུ་སྣུར་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གྲོས་མོལ་ལ་ཞུགས་རྒྱུ་ཡིན་ཟེར།

དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཚེས22ཉིན་གསལ་སྒྲོག་གཞན་ཞིག་ལས་བཤད་རྒྱུར། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་ཉིན་དེར་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་དབྱི་ལིང་དང་ཨ་མེ་རི་ཁའི་བར་གྱི་བརྒྱུད་པའི་གྲོས་མོལ་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཨ་ལཱ་ཀི་ཆི་ཡིས་ནན་གྱིས་བསྟན་དོན། དབྱི་ལིང་གིས་དགེ་སེམས་ཆེ་ཞིང་གཟབ་ནན་གྱི་ཕྱི་ཕྱོགས་ཐབས་ལམ་གདམ་གསེས་བྱས་ཡོད་ཟེར། ཀི་ལོ་ཞི་ཡིས་དབྱི་ལིང་གི་འགན་ཁུར་བའི་བྱ་སྤྱོད་ལ་གཟེངས་བསྟོད་བྱས་པར་མ་ཟད། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་སྒྲིག་ཡིག་ལས་བསྩལ་བའི་དབང་ཤུགས་ཁྱབ་ཁོངས་ནང་གྲོས་མོལ་འཕེལ་རིམ་དེའི་ཐད་བྱས་རྗེས་འཇོག་རྒྱུའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།