ཕཱ་ཁི་སི་ཐན་ཉེན་རྟོག་ཕྱོགས་ཀྱིས་ཚེས22ཉིན་བཤད་རྒྱུར། ཕཱ་ཁི་སི་ཐན་ལྷོ་ཕྱོགས་ཀྱི་ཞིན་ཏི་ཞིང་ཆེན་གྱི་ཅཱ་མུའུ་ཞའོ་ལོ་ས་ཁུལ་དུ་ཚེས21ཉིན་གྱི་དགོང་མོར་འགྲིམ་འགྲུལ་དོན་རྐྱེན་ཅིག་བྱུང་སྟེ། ཉུང་མཐར་ཡང་མི16རྐྱེན་ལམ་དུ་ཤོར་བ་དང་། མི20ལ་རྨས་ཕོག་ཡོད་ཟེར།
ཕཱ་ཁི་སི་ཐན་ཉེན་རྟོག་ཕྱོགས་ཀྱི་དཔོན་རིགས་ཀྱིས་གསར་འགོད་པར་བཤད་རྒྱུར། མི30ལྷག་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་གཞུང་ལམ་ལས་བརྒལ་ནས་གྲོག་རོང་དུ་ལྷུང་། ས་ཁུལ་དེ་ལོ་ཏོག་བསྡུ་བའི་དུས་ཚིགས་སུ་འཁེལ་ཡོད་པས། རླངས་འཁོར་སྟེང་གི་འགྲུལ་བ་མང་ཆེ་བ་ཞིང་བ་ཡིན་པ་དང་། ཁོ་ཚོས་ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་ནས་གྲོ་བྲེགས་རྗེས་རླངས་འཁོར་ལ་བསྡད་དེ་ཕྱིར་ཞིན་ཏི་ཞིང་ཆེན་དུ་ལོག་བཞིན་ཡོད་ཟེར།
རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། དོན་རྐྱེན་དེའི་འབྱུང་རྐྱེན་ནི་རླངས་འཁོར་གྱི་འགག་ཟྭར་ཆག་སྐྱོན་བྱུང་ནས་རླངས་འཁོར་ཁ་ལོ་བྱེད་ཐབས་བྲལ་བས་རེད། མིག་སྔར་རྨས་མ་རྣམས་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ། རྨས་མ་སྐོར་ཞིག་གི་གནས་ཚུལ་ཚབས་ཆེན་རེད་ཟེར།
ཕཱ་ཁི་སི་ཐན་དུ་འགྲིམ་འགྲུལ་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད་ཅིང་། རྒྱུ་རྐྱེན་མང་ཆེ་བ་ནི་རླངས་འཁོར་རྙིང་བ་ཡིན་པ་དང་ལམ་མི་བདེ་བ། རླངས་འཁོར་ཁ་ལོ་བའི་བདེ་འཇགས་འདུ་ཤེས་ཞན་པ་བཅས་ཀྱི་དབང་གིས་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།