ཕོ་ལན་གྱི་ཕྱི་འབྲེལ་བློན་ཆེན་ཞི་ཁི་ཨར་སི་ཅི་ཡིས་ཚེས23ཉིན་བཤད་རྒྱུར། ཕོ་ལན་གྱིས་ཝུའུ་ཁི་ལན་གྱི་ཞི་བདེ་སྲུང་སྐྱོབ་ལས་འགན་ནང་དམག་མི་མང་གཏོང་བྱེད་སྲིད་ཀྱང་། འབྲེལ་ཡོད་ཀྱི་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་སྲིད་ཟེར།
ཞི་ཁི་ཨར་སི་ཅི་ཡིས་ཉིན་དེར་ཕོ་ལན་གྲོས་ཁང་དམངས་གྲོས་ཁང་ནས་གཏམ་བཤད་སྤེལ་ཏེ། 2025ལོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་དམིགས་འབེན་རྒྱས་བཤད་བྱས། ཞི་ཁི་ཨར་སི་ཅི་ཡིས་ཝུའུ་ཁི་ལན་གྱི་གནད་དོན་གླེང་སྐབས་བཤད་རྒྱུར། ཕོ་ལན་གྱིས་ཝུའུ་ཁི་ལན་ལ་ཡོ་སྒོར་ཐེར་འབུམ་བཞིའི་རོགས་སྐྱོར་འདོན་སྤྲོད་བྱས་པ་དང་། ཝུའུ་ཁི་ལན་གྱི་དམག་མི་ཁྲི་གསུམ་ལ་གསོ་སྦྱོང་བྱས་ཡོད་ལ། ཝུའུ་ཁི་ལན་གྱི་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱེད་སྐབས་བརྒྱ་ཆའི་བརྒྱད་ཅུའི་ཡན་ཕོ་ལན་ནས་བརྒྱུད་འདྲེན་བྱས་པ་རེད། རྒྱལ་ཁབ་རེ་འགས་ཝུའུ་ཁི་ལན་དུ་དམག་དཔུང་མངག་ནས་ཞི་བདེ་སྲུང་སྐྱོབ་ལས་འགན་ལག་བསྟར་བྱེད་པར་བསམ་བློ་གཏོང་བཞིན་ཡོད་ཀྱང་། ཕོ་ལན་གྱིས་དམག་མི་མངག་གཏོང་བྱེད་མི་སྲིད་ཀྱང་། འབྱུང་སྲིད་པའི་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།
ཞི་ཁི་ཨར་སི་ཅི་ཡིས་བཤད་རྒྱུར། མིག་སྔའི་རྒྱལ་སྤྱིའི་གནས་བབ་ནི་ལོ་ངོ་བཅུ་ཕྲག་འགའི་རིང་ཆེས་ཚོད་དཔག་བྱེད་དཀའ་བ་ཞིག་ཡིན་པས། ཕོ་ལན་གྱིས་ཡོ་རོབ་གླིང་གི་འགོག་སྲུང་ལ་ཤུགས་སྣོན་པ་དང་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་འབྲེལ་བར་སྲུང་སྐྱོབ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱས་ཏེ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་དང་མཉམ་ལས་བྱེད་པར་འབད་འབུངས་བྱེད་བཞིན་ཡོད་ཟེར།
ཞི་ཁི་ཨར་སི་ཅི་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ཀྱི་ཐོབ་ཐང་དེ་ཕོ་ལན་གྱི་བདེ་འཇགས་དང་འཕེལ་རྒྱས་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་བ་དང་། ནུབ་ཕྱོགས་མ་ལག་ཤུལ་མེད་དུ་གྱུར་བ་ནི་ཆེས་ཆེ་བའི་འཇིགས་ཉེན་ཡིན་ཟེར། ཁོས་བཤད་རྒྱུར། ཡོ་རོབ་གླིང་འཚོ་སྡོད་རང་བཞིན་གྱི་གདམ་གསེས་ལ་འཕྲད་ཡོད་ལ། ཡིན་མིན་ན་མཐུན་སྒྲིལ་གྱི་ཟབ་ཞུགས་མཁན་གཙོ་བོ་ཞིག་ཡིན་པའི་ཆ་ནས་རྒྱལ་སྤྱིའི་འགྲན་རྩོད་ལ་ཞུགས་དགོས་པ་དང་། ཡང་མིན་ན་ཁེར་རྐྱང་དུ་མཐའ་རུ་འབུད་དགོས་ཟེར། ཁོས་ཡོ་རོབ་གླིང་གིས་རང་ངོས་ཀྱི་སྦས་ཤུགས་ཚོར་བར་བྱས་ཏེ་དོན་དངོས་འགུལ་སྐྱོད་སྤེལ་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།