ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་གྲོང་ཁྱེར་གྱི་ཧྲི་ཀྲང་ཁི་ལེ་ཆི་ཁི་ཡིས་ཚེས24ཉིན་གྱི་ཞོགས་པར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཅི་ཧྥུའུ་གྲོང་ཁྱེར་དུ་ཉིན་དེའི་ཞོགས་པར་ཨུ་རུ་སིའི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས་ནས། ཉུང་མཐར་ཡང་མི12ལ་རྨས་ཕོག་པ་དང་། རྨས་མ་ཚང་མ་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།
ས་དེའི་ཚེས24ཉིན་གྱི་ཞོགས་པའི་དུས་ཚོད1ཡས་མས་སུ། གསར་འགོད་པས་ཅི་ཧྥུའུ་ནས་འགས་གཏོར་གྱི་སྒྲ་མང་དུ་ཐོས། ཅི་ཧྥུའུ་གྲོང་ཁྱེར་དམག་དོན་དོ་དམ་ཅུའུ་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཅི་ཧྥུའུ་གྲོང་ཁྱེར་ལ་འཕུར་མདའ་དང་མི་མེད་གནམ་གྲུའི་དཔུང་འཇུག་ཐེབས་པ་དང་། མཁའ་སྲུང་མ་ལག་འཁོར་སྐྱོད་བྱེད་བཞིན་ཡོད་ལ། མང་ཚོགས་ཀྱིས་འགོག་སྲུང་བཟང་བོ་བྱེད་དགོས་ཟེར། ཁི་ལེ་ཆི་ཁི་ཡིས་བཤད་རྒྱུར། ཅི་ཧྥུའུ་གྲོང་ཁྱེར་ཀི་ལོ་ཞེ་ཡེ་ཧྥུའུ་སི་ཅི་ས་ཁུལ་དང་ཧྲི་ཕུའུ་ཆིན་ཁི་ཧྥུའུ་སི་ཅི་ས་ཁུལ། སི་ཝེ་ཡཱ་ཐའོ་ཧྲིན་སི་ཅི་ས་ཁུལ་སོགས་སུ་བར་སྣང་འཇབ་རྒོལ་ཐེབས་ནས་མེར་འབར་བ་དང་། འབྲེལ་ཡོད་སྡེ་ཁག་གིས་འཇབ་རྒོལ་ཐེབས་སར་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད་ཟེར།
ཝུའུ་ཁི་ལན་གྱི་མཁའ་དམག་གིས་ཚེས23ཉིན་གྱི་ནམ་གུང་ནས་ཚེས24ཉིན་གྱི་ཞོགས་པའི་བར་དྲ་ཚིགས་བརྒྱུད་དེ། ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་ལ་གཞི་རྒྱ་ཆེ་བའི་བར་སྣང་འཇབ་རྒོལ་བྱས་པ་དང་། ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་འཕུར་མདའ་དང་མི་མེད་གནམ་གྲུ་གཏོང་འཕེན་བྱས་ཡོད་ལ། ཧཱ་ཨར་ཁི་ཧྥུའུ་གྲོང་ཁྱེར་དང་ཅི་ཧྥུའུ་གྲོང་ཁྱེར་ནི་བར་སྣང་འཇབ་རྒོལ་བྱེད་ས་གཙོ་བོ་ཡིན་ཟེར།
ཝུའུ་ཁི་ལན་གྱི་བར་སྣང་འཇབ་རྒོལ་ཉེན་གཏོང་མ་ལག་གིས་ཚེས24ཉིན་གྱི་ཞོགས་པར་སྤེལ་བའི་ཚད་འཇལ་གཞི་གྲངས་ལྟར་ན། ཅི་ཧྥུའུ་གྲོང་ཁྱེར་ལས་གཞན་ད་རུང་ཧཱ་ཨར་ཁི་ཧྥུའུ་མངའ་སྡེ་དང་སུའུ་མཱེ་མངའ་སྡེ། རི་ཐའོ་མུས་ཨར་མངའ་སྡེ། ཏིས་ཧྲི་པའོ་ལོ་པིས་ཏི་ལོ་ཧྥུའུ་སི་ཁི་མངའ་སྡེ་སོགས་ནས་ཀྱང་འགས་གཏོར་གྱི་སྒྲ་གྲགས་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།