དབྱི་སི་རལ་གྱིས་ཡིའུ་ཐེ་བའི་དམར་གསོད་ཆེན་མོའི་རྗེས་དྲན་ཉིན་མོའི་བྱ་འགུལ་སྤེལ།
2025.04.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱིས་ཚེས23ཉིན་གྱི་དགོང་མོར་ཡེ་ལུའུ་སཱ་ལེམ་གྱི་ཧི་ཚི་ཨར་རི་བོའི་ཡཱ་ཏི་ཝ་ཞི་མུའུ་དམར་གསོད་ཆེན་མོའི་རྗེས་དྲན་ཁང་ནས་དམར་གསོད་ཆེན་མོའི་རྗེས་དྲན་ཉིན་མོའི་བྱ་འགུལ་སྤེལ་ཏེ། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་ཡིའུ་ཐེ་བའི་འདས་པོར་མྱ་ངན་ཞུས།

ཉིན་དེའི་བྱ་འགུལ་ཡུལ་དངོས་སུ་དམར་གསོད་ཆེན་མོ་ལས་ཐར་བའི་མི་དྲུག་གིས་རིམ་པ་བཞིན་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་ཡིའུ་ཐེ་བའི་འདས་པོ་ས་ཡ་དྲུག་མཚོན་པའི་དཔའ་འབར་དྲུག་སྒྲོན་པ་དང་། དམར་གསོད་ཆེན་མོ་ལས་ཐར་བའི་མིས་བརྙན་རིས་བརྒྱུད་དེ་མང་ཚོགས་ལ་སྔོན་ཆད་མྱངས་པའི་དཀའ་སྡུག་རྒྱས་བརྗོད་བྱས།

དབྱི་སི་རལ་གྱི་ཙུང་ཐུང་ཧི་ཨར་ཙོ་ཀི་ཡིས་བྱ་འགུལ་དེའི་སྟེང་ཞུ་ཚིག་ཕུལ་ཏེ། དབྱི་སི་རལ་དཀའ་སྡུག་ཆེ་བའི་ཁ་བྲལ་ལ་འཕྲད་ཡོད་པ་དང་། སྤྱི་ཚོགས་ཀྱི་འགལ་བ་དང་འཁོན་འཛིང་མང་བོར་འཕྲད་ཡོད་པས། དབྱི་སི་རལ་གྱི་མིས་མཐུན་སྒྲིལ་བྱས་ནས་རང་ནུས་ཅི་ལྕོགས་ཀྱིས་ཅཱ་ཧྲ་ས་ཁུལ་དུ་བཀག་འཇུག་བྱས་པའི་མི་སྣ་ཚང་མ་ཕྱིར་གཏོང་དུ་འཇུག་དགོས་ཟེར།

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུུར། སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གིས་རྒྱལ་ཁ་རབ་དང་རིམ་པ་བླངས་ཏེ། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ལ་ཆམ་ཕབ་དྲག་པོ་བཏང་ཡོད་ཟེར། ཁོས་ད་རུང་བསྟན་དོན། གལ་ཏེ་དབྱི་ལིང་གིས་མུ་མཐུད་དུ་ཉིང་རྡུལ་ནུས་པའི་མཚོན་ཆ་འཕེལ་རྒྱས་བཏང་ནའང་གཅིག་མཐུན་གྱི་ལས་དབང་ལ་འཕྲད་སྲིད་པའི་འཇིགས་སྐུལ་བྱས།

དབྱི་སི་རལ་གྱི་ཀྲུང་དབྱང་བསྡོམས་རྩིས་ཅུའུ་ཡིས་ཉེ་སྔོན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། མིག་སྔར་དམར་གསོད་ཆེན་མོ་ལས་ཐར་བའི་མི་དང་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཡིའུ་ཐེ་བར་རྒོལ་བའི་རིང་ལུགས་ཀྱི་གནོད་ཐེབས་མཁན་འབུམ་གཅིག་དང་ཁྲི་གཉིས་ཙམ་གྱིས་དབྱི་སི་རལ་དུ་འཚོ་བ་རོལ་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།