ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས23ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ཉེ་སྔོན་སྤེལ་བའི་ངན་སྐུལ་རང་བཞིན་གྱི་གཏམ་བཤད་ཀྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་གནད་དོན་ཐག་གཅོད་བྱེད་པར་བཀག་རྒྱ་བཟོས་ཡོད་ཟེར།
ཝུའུ་ཁི་ལན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས22ཉིན་བསྒྲགས་པ་ལྟར་ན། ཙེ་ལིན་སི་ཅི་ཡིས་ཉིན་དེར་སྨྱན་བྱད་ལ་བསྟན་དོན། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་རྗེས། ཝུའུ་ཁི་ལན་ཕྱོགས་ཀྱིས་རྣམ་པ་གང་རུང་ལ་བརྟེན་ནས་གྲོས་མོལ་བྱེད་འདོད་ཡོད་ཀྱང་། བཙན་བཟུང་བྱས་པའི་ས་ཁོངས་དེ་ཨུ་རུ་སིའི་ཡིན་པ་དུས་ནམ་ཡང་ཁས་ལེན་བྱེད་མི་སྲིད། ཝུའུ་ཁི་ལན་གྱིས་ཨུ་རུ་སི་ཡིས་ཁི་ལི་མུས་ཡཱ་ཁྲིམས་མཐུན་བཙན་བཟུང་བྱས་པར་ཁས་ལེན་བྱེད་མི་སྲིད་པ་དང་། གནད་དོན་དེའི་ཐད་ནས་གྲོས་མོལ་བྱེད་རྒྱུ་ཅི་ཡང་མེད་ལ། ང་ཚོའི་རྩ་ཁྲིམས་ཀྱི་གཏན་འཁེལ་ལས་བརྒལ་ཡོད་ཟེར།
ཐི་ལིང་ཕུའུ་ཡིས་ཙེ་ལིན་སི་ཅི་ཡི་གཏམ་བཤད་དེས་ཨུ་རུ་སིའི་བར་གྱི་ཞི་བདེའི་གྲོས་མོལ་ལ་གནོད་པ་ཆེན་པོ་ཡོད་པ་དང་། ངན་སྐུལ་རང་བཞིན་གྱི་གཏམ་བཤད་དེས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་གནད་དོན་ཐག་གཅོད་བྱེད་དཀའ་བར་བྱས་ནས་དམར་གསོད་ཀྱི་སྣང་ཚུལ་མུ་མཐུད་དུ་འབྱུང་བར་བྱས་པར་སྐྱོན་འཛུགས་བྱས།
ཐི་ལིང་ཕུའུ་ཡིས་ད་རུང་བཤད་རྒྱུར། ད་ལྟ་གྲོས་མཐུན་འགོད་ལ་ཉེ་བ་དང་། ཙེ་ལིན་སི་ཅི་ཡིས་གྲོས་མཐུན་དེ་ཐག་གཅོད་བྱེད་དགོས་ཟེར།
གཞན་ཡང་ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་ཝན་སི་ཡིས་ཀྱང་ཚེས23ཉིན་ཝུའུ་ཁི་ལན་གྱིས་ཨ་མེ་རི་ཁའི་ཞི་བདེའི་གྲོས་གཞི་དང་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། གྲོས་གཞི་དེའི་ནང་ཝུའུ་ཁི་ལན་གྱིས་ཨུ་རུ་སིས་བཙན་བཟུང་བྱས་པའི་ཁི་ལི་མུས་ཡཱ་ཁས་ལེན་བྱེད་པ་དང་། ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་སུ་མི་ཞུགས་པ་སོགས་ཀྱི་ནང་དོན་འདུས་ཡོད་ཟེར། ཝན་སི་ཡིས་བསྐྱར་སྒྲོག་བྱས་དོན། གལ་ཏེ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཚམས་འཇོག་པར་དམིགས་པའི་གྲོས་མོལ་དེར་དུས་ཡུན་ཐུང་ངུའི་ནང་གྲུབ་འབྲས་གསལ་བོ་མེད་ན། ཨ་མེ་རི་ཁ་ཕྱོགས་བར་འདུམ་ལས་ཕྱིར་འབུད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།