ཀུའུ་ཐི་ལོས་སི་ཡིས་ཀྲུང་གོའི་ཇུས་གཞི་དེ་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགུལ་སྐྱོད་ཐད་དོན་སྙིང་གལ་ཆེན་ལྡན་པའི་ཚུལ་བསྟན།
2025.04.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས23ཉིན་ནམ་ཟླ་དང་དྲང་གཞག་ཚུལ་བསྒྱུར་གྱི་མགོ་ཁྲིད་པའི་བརྙན་རིས་རྩེ་ཚོགས་གྲོལ་རྗེས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྩེ་ཚོགས་ཀྱི་ཞུ་ཚིག་འབུལ་སྐབས་བཏོན་པའི་ནམ་ཟླའི་ཇུས་གཞི་གསར་བ་དེར་གདེང་འཇོག་ཆེན་པོ་བྱས་པ་དང་། དེ་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགུལ་སྐྱོད་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་སུམ་ཅུ་བ་ཟླ11པར་པཱ་ཞིའི་བྱང་ངོས་ཀྱི་པེ་ལོན་གྲོང་ཁྱེར་ནས་ཚོགས་རྒྱུ་རེད། ཀུའུ་ཐི་ལོས་སི་དང་པཱ་ཞིའི་ཙུང་ཐུང་ལུའུ་ལཱ་གཉིས་ཀྱིས་ཚེས23ཉིན་ནམ་ཟླ་དང་དྲང་གཞག་ཚུལ་བསྒྱུར་གྱི་མགོ་ཁྲིད་པའི་བརྙན་རིས་རྩེ་ཚོགས་ལ་མཉམ་དུ་མགོ་འཛིན་བྱས་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ། གླིང་ཚོམས་ཆུང་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་སོགས་ཚོགས་འདུར་ཞུགས་ཡོད། གྲོས་ཚོགས་ནི་ཕཱ་རེ་སིའི་གྲོས་ཆོད་ཀྱི་སྒྲོམ་གཞིའི་འོག་གི་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགུལ་སྐྱོད་ལ་ཤུགས་སྣོན་བྱས་ནས་ཐུན་མོང་གི་ལྟ་ཚུལ་འབྱུང་དུ་འཇུག་ཆེད་རེད།

ཀུའུ་ཐི་ལོས་སི་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་བྱས་ནས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་བརྡ་གསལ་བོ་བཏང་ཡོད་ཟེར། རྒྱལ་ཁབ་མང་བོའི་མགོ་ཁྲིད་པས་མྱུར་མོར་བློ་སྤོབས་ཆེ་བའི་ནམ་ཟླའི་འགུལ་སྐྱོད་འཆར་གཞི་གསར་བ་སྤྲོད་རྒྱུ་ཁས་ལེན་བྱས།

ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནམ་ཟླ་དང་དྲང་གཞག་ཚུལ་བསྒྱུར་གྱི་མགོ་ཁྲིད་པའི་བརྙན་རིས་རྩེ་ཚོགས་ལ་ཞུ་ཚིག་ཕུལ་བ་དང་། ཕྱོགས་མང་རིང་ལུགས་བརྟན་སྲུང་དང་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། དྲང་གཞག་ཚུལ་བསྒྱུར་ལ་སྐུལ་འདེད་གཏོང་བ། དངོས་གཉེར་འགུལ་སྐྱོད་ལ་ཤུགས་སྣོན་པ་སོགས་ཀྱི་གྲོས་གཞི་གལ་ཆེན་བཏོན་པར་མ་ཟད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་པེ་ལོན་ཚོགས་ཆེན་གྱི་སྔོན་ལ། དཔལ་འབྱོར་ཁྱབ་ཁོངས་ཡོངས་ལ་ཁེབས་པ་དང་དྲོད་ཁང་གི་དྲོད་རླངས་འདུས་པའི2035ལོའི་རྒྱལ་ཁབ་རང་བདག་བྱས་རྗེས་འཇོག་པའི་དམིགས་འབེན་ཁྱབ་བསྒྲགས་བྱས། ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གྲོས་གཞི་དང་འགུལ་སྐྱོད་འཆར་གཞི་དེ་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགུལ་སྐྱོད་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན་ཟེར།

ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། དེ་རིང་གི་གྲོས་ཚོགས་ནས་བསྟན་པ་ནང་བཞིན། ང་ཚོས་ནམ་ཟླའི་འགུལ་སྐྱོད་དེ་བསྐྱུར་བ་གཏན་ནས་མི་རུང་ཟེར། ཁོས་རྒྱལ་ཁབ་སོ་སོས་མགྱོགས་མྱུར་ངང་སྐོར་ཐེངས་གསར་བའི་རྒྱལ་ཁབ་ཀྱི་ནམ་ཟླའི་འགུལ་སྐྱོད་འཆར་གཞི་སྤྲོད་དགོས་པ་དང་། ཞོར་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་བྱེད་དགོས་པའི་སྐུལ་མ་བཏང་།

ཀུའུ་ཐི་ལོས་སི་ཡིས་ད་རུང་ཁྱབ་བསྒྲགས་བྱས་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟླ9བར་མཐོ་རིམ་གྲོས་ཚོགས་བསྡུས་ཏེ། ནམ་ཟླའི་འགུལ་སྐྱོད་འཆར་གཞི་དང་དངུལ་གསོག་དངོས་འབེབས་གནས་ཚུལ་ལ་དཔྱད་འཇོག་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།