ཕཱ་ཁི་སི་ཐན་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས24ཉིན་གསལ་སྒྲོག་སྤེལ་ཏེ། རྒྱ་གར་ཕྱོགས་ཀྱིས་ཡུལ་སྐོར་བར་མེ་མདས་བརྒྱབ་པའི་དོན་རྐྱེན་ཐད་ནས་ཕཱ་ཁི་སི་ཐན་ལ་བཀག་སྡོམ་བྱེད་ཐབས་མང་བོ་བཏོན་པ་ནི་འགན་མི་ཁུར་བའི་བྱ་སྤྱོད་ཅིག་ཡིན་པར་མ་ཟད་བཅའ་ཁྲིམས་ཀྱི་རྒྱབ་བརྟེན་ཡང་མེད་པས། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་རྒྱ་གར་གྱི་བཀག་སྡོམ་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱེད་རྒྱུ་ཡིན་ཟེར།
ཕཱ་ཁི་སི་ཐན་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གི་གསལ་སྒྲོག་ལས་བཤད་རྒྱུར། ཙུང་ལི་ཞཱ་པཱ་ཙི་ཡིས་ཉིན་དེར་མགོ་འཛིན་བྱས་ཏེ་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས། ཕཱ་ཁི་སི་ཐན་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་དོན་རྐྱེན་དེའི་ཁྲོད་ཀྱི་ཡུལ་སྐོར་བའི་ཚེ་སྲོག་དང་རྒྱུ་ནོར་གྱོང་གུད་ལ་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་མཐའ་གཅིག་ཏུ་རྒོལ་གཏམ་གཏོང་བཞིན་ཡོད་ཟེར། རྒྱ་གར་ཕྱོགས་ཀྱིས་རྟོག་ཞིབ་དང་བདེན་དཔང་ཐུབ་པའི་ཁུངས་ལུང་ཅི་ཡང་མེད་པའི་གནས་ཚུལ་འོག དོན་རྐྱེན་དེ་ཕཱ་ཁི་སི་ཐན་དང་འབྲེལ་བ་ཡོད་པར་བྱས་པ་ནི་ལུགས་མཐུན་མིན་པར་མ་ཟད་གཏན་ཚིགས་དང་ཡང་མི་མཐུན་པ་ཞིག་རེད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཕཱ་ཁི་སི་ཐན་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཝ་ཀི་ཧི་མཐའ་མཚམས་རྒྱུ་ལམ་བཀག་སྡོམ་བྱེད་པ་དང་། རྒྱ་གར་སྤྱི་དམངས་ལ་བྱིན་པའི་ལམ་ཡིག་སྐོར་ཞིག་མེད་པར་གཏོང་རྒྱུ་ཐག་བཅད་པ་དང་། ཕཱ་ཁི་སི་ཐན་དུ་སྡོད་པའི་རྒྱ་གར་གྱི་མཐོ་རིམ་ཆེད་དོན་པའི་གཞུང་ཁང་གི་དྲག་དཔོན་དག་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས་པར་མ་ཟད། རྒྱ་གར་གྱི་མཁའ་འགྲུལ་ཀུང་ཟིའི་བར་གྱི་མཁའ་ཁོངས་སྒོ་བརྒྱབ་པ་དང་རྒྱ་གར་བར་གྱི་ཉོ་ཚོང་ཚང་མ་མཚམས་བཞག་ཡོད་ཟེར།
རྒྱ་གར་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་དུ་ཚེས22ཉིན་ཡུལ་སྐོར་བར་དམིགས་པའི་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི25རྐྱེན་ལམ་དུ་ཤོར་བ་དང་མི་འགའ་ལ་རྨས་ཕོག རྒྱ་གར་ཕྱོགས་ཀྱིས་ཕཱ་ཁི་སི་ཐན་འཇབ་རྒོལ་དོན་རྐྱེན་དེར་འབྲེལ་བ་ཡོད་པར་ངོས་བཟུང་ནས། ཚེས23ཉིན་ཕཱ་ཁི་སི་ཐན་ལ་དམིགས་པའི་བྱེད་ཐབས་རབ་དང་རིམ་པ་ཁྱབ་བསྒྲགས་བྱས། དེའི་ནང་རྒྱལ་ཁབ་གཉིས་བར་གྱི་ཆུའི་ཐོན་ཁུངས་གཙོ་བོའི་བགོ་བཤའི་ཆིངས་ཡིག་ལག་བསྟར་བྱེད་མཚམས་བཞག་པ་དང་། མཐའ་མཚམས་ཀྱི་རྒྱུ་ལམ་བཀག་སྡོམ་བྱས་པར་མ་ཟད། ཕཱ་ཁི་སི་ཐན་གྱི་མི་སྣ་མཐར་སྐྲོད་བཏང་བ་སོགས་འདུས།
གཞན་ཡང་རྒྱ་གར་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། རྒྱ་གར་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས24ཉིན་བསྟན་དོན། ཉིན་དེ་ནས་བཟུང་ཕཱ་ཁི་སི་ཐན་གྱི་སྤྱི་དམངས་ལ་རིགས་སྣ་ཚོགས་ཀྱི་ལམ་ཡིག་སྟེར་མཚམས་འཇོག་རྒྱུ་ཡིན་པ་དང་། རྒྱ་གར་གྱི་སྤྱི་དམངས་དག་ཕཱ་ཁི་སི་ཐན་དུ་འགྲོ་མི་རུང་བའི་གྲོས་གཞི་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།