ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་ཡིས་ཚེས24ཉིན་བསྟན་དོན། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཕན་ཚུན་མཐུན་སྦྱོར་བྱས་ན། ད་གཟོད་འཁྲུག་རྩོད་མཇུག་སྒྲིལ་ནས་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་ཐུབ་ཟེར།
ཡོ་རོབ་གླིང་གསར་འགྱུར་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཏུའུ་ཏཱ་ཡིས་ཉིན་དེར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཡུན་རིང་ཞི་བདེ་དེ་ངེས་པར་དུ་ཕན་ཚུན་མཐུན་སྦྱོར་བྱེད་པའི་རྨང་གཞིའི་སྟེང་འཛུགས་དགོས། མཇུག་མཐའི་གནས་ཚུལ་ནི་ཕྱོགས་གང་རུང་གིས་རང་ཉིད་ཀྱིས་འཐབ་འཁྲུག་དེའི་ཁྲོད་རྒྱལ་ཁ་ལེན་དགོས་པར་བཤད་མི་རུང་ལ། ཕྱོགས་གང་ཡིན་ཡང་ཕན་ཚུན་ཀུ་ཡངས་གཏོང་དགོས་པ་དང་། ཝུའུ་ཁི་ལན་གྱིས་ཀྱང་ངེས་པར་དུ་ཀུ་ཡངས་གཏོང་དགོས་ཟེར།
ཏུའུ་ཏཱ་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ལས་ཨུ་རུ་སིའི་ཟུངས་ཟད་བཞིན་ཡོད་པ་དང་། འཇིགས་སུ་རུང་བའི་ཐབས་ཀྱིས་ཝུའུ་ཁི་ལན་ཡང་འཇིག་བཞིན་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁ་ལེན་འདོད་ཀྱང་ཚང་མས་འཁྲུག་རྩོད་དེ་མཇུག་སྒྲིལ་བར་རེ་བཞིན་ཡོད་ཟེར།
ཨ་མེ་རི་ཁའི་ཕོ་ལན་གྱི་བཅའ་སྡོད་དམག་དཔུང་གི་གནད་དོན་ཐད་ནས་ཏུའུ་ཏཱ་ཡིས་བཤད་རྒྱུར། མིག་སྔར་ཧ་ལམ་ཨ་མེ་རི་ཁའི་དམག་མི་ཁྲི་གཅིག་ཙམ་ཕོ་ལན་དུ་བཅའ་སྡོད་བྱས་ཡོད་པ་དང་། ཁོས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ལ་ཕོ་ལན་དུ་སྔར་ལས་མང་བའི་ཨ་མེ་རི་ཁའི་དམག་དཔུང་བཀོད་སྒྲིག་བྱེད་པའི་སྐུལ་མ་གཏོང་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།