འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་ལས་ཁུངས་ཀྱིས་འཛམ་གླིང་ཡོངས་ཀྱི་རིམས་འགོག་བྱ་བ་འཇིགས་ཉེན་ཚབས་ཆེན་ལ་འཕྲད་ཡོད་པའི་ཉེན་བརྡ་བཏང་།
2025.04.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

འཛམ་གླིང་ཡོངས་ཀྱི་རིམས་འགོག་གཟའ་འཁོར་ཐོན་པའི་སྐབས་སུ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ། འཛམ་གླིང་ཡོངས་ཀྱི་འགོག་སྨན་རིམས་འགོག་མནའ་འབྲེལ་བཅས་ཀྱིས་ཚེས24ཉིན་འཛམ་གླིང་ཡོངས་ཀྱི་རིམས་འགོག་བྱ་བ་འཇིགས་ཉེན་ཚབས་ཆེན་ལ་འཕྲད་ཡོད་པའི་ཉེན་བརྡ་བཏང་། ནོར་འཆུག་གི་ཆ་འཕྲིན་དང་མི་གྲངས་འཕར་སྣོན། མི་ཆོས་རིང་ལུགས་ཀྱི་ཉམས་ཉེན། མ་དངུལ་ཇེ་ཉུང་དུ་བཏང་བ་སོགས་རྒྱུ་རྐྱེན་གྱིས་རིམས་འགོག་བྱ་བའི་འཕེལ་རྒྱས་ལ་བཀག་རྒྱ་བཟོས་ནས། མི་ས་ཡ་མང་བོ་བདེ་ཐང་ཉེན་ཁར་འཕྲད་ཡོད་ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་དེར་སྤྱི་སྒྲོག་སྤེལ་ཏེ། འགོག་སྨན་བཀོལ་ནས་སྔོན་འགོག་བྱེད་ཐུབ་པའི་མཛེ་ནད་དང་ཀླད་སྐྱིའི་གཉན་ཚད་སོགས་རིམས་ནད་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནང་འཕར་བའི་རྣམ་པ་མངོན་ཡོད་པ་དང་། དེའི་ནང་མིད་པའི་ནད་སོགས་རྒྱལ་ཁབ་མང་བོ་ནས་སྔ་མོ་ནས་ཚོད་འཛིན་དང་མེད་པར་བཏང་བའི་རིམས་ནད་ཀྱང་ཡང་བསྐྱར་འབྱུང་བའི་ཉེན་ཁ་ཡོད་པས། ལས་ཁུངས་དེ་གསུམ་གྱིས་མཉམ་འབྲེལ་སྒོས་འབྲེལ་ཡོད་ཕྱོགས་ཀྱིས་བྲེལ་མྱུར་དང་རྒྱུན་མཐུད་ངང་ཆབ་སྲིད་དོ་སྣང་དང་མ་དངུལ་རྒྱབ་སྐྱོར་བྱས་ཏེ། རིམས་འགོག་འཆར་འགོད་ལ་ཤུགས་སྣོན་པ་དང་འདས་པའི་ལོ་ངོ50རིང་འཛམ་གླིང་ཡོངས་ཀྱིས་བྱིས་པའི་སྲོག་ཤོར་བའི་ཚད་ཇེ་དམའ་རུ་གཏོང་བའི་ཐད་ནས་བླངས་པའི་མངོན་གསལ་གྲུབ་འབྲས་ལས་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་སྤྱི་སྒྲོག་ནང་བཤད་རྒྱུར། འདས་པའི་ལོ་ངོ་ལྔ་བཅུའི་རིང་ལ། འགོག་སྨན་གྱིས་མི་དུང་ཕྱུར་གཅིག་དང་བྱེ་བ་ལྔའི་ཚེ་སྲོག་བསྐྱབས་ཡོད། འཛམ་གླིང་ཡོངས་ཀྱི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མ་དངུལ་ཇེ་ཉུང་དུ་བཏང་བ་ལས་ཐོབ་པར་དཀའ་བའི་གྲུབ་འབྲས་དེ་དག་ཉེན་ཁའི་གནས་སུ་ལྷུང་ཡོད། འགོག་སྨན་བཀོལ་ནས་ཚོད་འཛིན་ཐུབ་པའི་རིམས་ནད་དེ་འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོར་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཚེ་སྲོག་ལ་ཉེན་ཁ་ཐེབས་བཞིན་ཡོད་པར་མ་ཟད། རྒྱལ་ཁབ་སོ་སོའི་རིམས་ནད་གསོ་བཅོས་དང་རིམས་ནད་འགོག་བཅོས་བྱེད་པའི་མ་རྩའང་ཇེ་མང་དུ་སོང་ཡོད་ཟེར། ཁོས་ཐོན་ཁུངས་ཚད་ཡོད་པའི་རྒྱལ་ཁབ་དག་གིས་འགོག་སྨན་ཐད་མ་དངུལ་གཏོང་བ་སོགས་ཕན་ནུས་ལྡན་པའི་ཐེ་གཏོགས་བྱེད་ཐབས་སྤྱོད་དགོས་པའི་འབོད་སྐུལ་བཏང་།

ཟླ4བའི་ཚེས24ཉིན་ནས་ཚེས30ཉིན་ནི་འཛམ་གླིང་གི་རིམས་འགོག་གཟའ་འཁོར་ཡིན་པ་དང་། ད་ལོའི་བརྗོད་སྙིང་ནི་མི་ཚང་མས་རིམས་འགོག་ཞབས་ཞུ་ཉམས་སུ་མྱོང་ཐུབ་ལ། ང་ཚོར་དེའི་ནུས་པ་ཡོད་ཅེས་པ་དེ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།