ཨ་མེ་རི་ཁ་དང་དབྱི་ལིང་གི་སྐོར་ཐེངས་གསུམ་པའི་བརྒྱུད་པའི་གྲོས་མོལ་མཇུག་སྒྲིལ་བ་དང་ཕྱོགས་གཉིས་བར་སྔར་བར་འགལ་བ་གནས་ཡོད།
2025.04.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

དབྱི་ལིང་དང་ཨ་མེ་རི་ཁས་ཚེས26ཉིན་ཨ་མན་གྱི་རྒྱལ་ས་མཱ་སི་ཁཱ་ཐི་ནས་སྐོར་ཐེངས་གསུམ་པའི་བརྒྱུད་པའི་གྲོས་མོལ་སྤེལ་བ་དང་། གྲོས་མོལ་དེ་དུས་ཚོད་དྲུག་གི་རྗེས་ནས་མཇུག་སྒྲིལ། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་བསྟན་དོན། ཕྱོགས་གཉིས་བར་སྔར་བཞིན་འགལ་བ་ཡོད་ཟེར།

དབྱི་ལིང་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཨ་ལཱ་ཀི་ཆི་ཡིས་གྲོས་མོལ་མཇུག་སྒྲིལ་རྗེས་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཐེངས་འདིའི་གྲོས་མོལ་དེ་ཅུང་གཟབ་ནན་ངང་སྤེལ་བ་དང་། རིམ་བཞིན་བྱེ་བྲག་གི་ལག་རྩལ་རང་བཞིན་ལ་གྲོས་བསྡུར་བྱས་པ་ཡིན་ལ། ཆེད་མཁས་པ་ཟབ་ཞུགས་བྱས་ན་ཕན་ཐོགས་ཆེན་པོ་ཡོད་ཟེར། ཁོས་བསྟན་དོན། ཕྱོགས་གཉིས་བར་ཆེ་མཐོང་རིམ་པ་དང་བྱེ་བྲག་གི་གནད་དོན་ཐད་སྔར་བཞིན་འགལ་བ་ཡོད་ཟེར།

ཨ་ལཱ་ཀི་ཆི་ཡིས་བསྟན་དོན། གྲོས་མོལ་དེ་གཟབ་ནན་དང་དངོས་གཉེར་ཡིན་ཡིན་པ་དང་། གྲུབ་འབྲས་ཐོབ་པར་རེ་བས་ཁེངས་ཡོད། དབྱི་ལིང་ཕྱོགས་གྲོས་མོལ་གྱི་འཕེལ་རིམ་ལ་ཡིད་ཚིམས་ཡོད་ཟེར་ཡང་། ཁོས་ཞོར་དུ་ནན་གྱིས་བསྟན་དོན། དབྱི་ལིང་གི་སེམས་ཤུགས་དྲག་པོ་དེས་སྔར་བཞིན་སེམས་ཆུང་བྱེད་པ་རྨང་གཞིར་བྱས་ཡོད་ལ། སྤྱིའི་ཐུན་མོང་ལྟ་ཚུལ་འགོད་པར་བྱེ་བྲག་གི་ནང་དོན་ལ་ཡང་བསྐྱར་གྲོས་མོལ་བྱེད་དགོས་ཡོད་ཟེར།

ཨ་ལཱ་ཀི་ཆི་ཡིས་བསྐྱར་སྒྲོག་བྱས་དོན། ཐེངས་འདིའི་གྲོས་མོལ་ནི་ཉིང་རྡུལ་ནུས་པའི་གནད་དོན་ཁོ་ནར་ཚོད་འཛིན་བྱས་ཡོད་པ་དང་། དམིགས་ཡུལ་ནི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞི་དེ་ཡིད་ཆེས་ཆགས་པར་བྱས་ནས་བཀག་སྡོམ་མེད་པར་གཏོང་བའི་ཆེད་དུ་ཡིན། དབྱི་ལིང་གིས་གྲོས་གཞི་གཞན་པ་གྲོས་མོལ་གྱི་ཁྱབ་ཁོངས་ནང་འཇོག་པར་དང་ལེན་བྱེད་མི་སྲིད་པ་དང་། གྲོས་མོལ་སྐོར་ཐེངས་སྔོན་མ་གསུམ་གྱི་ནང་ཕྱོགས་གཉིས་ཀྱིས་རྩ་དོན་དེ་བརྩི་སྲུང་ནན་མོ་བྱས་ཡོད་ཟེར།

ཨ་ལཱ་ཀི་ཆི་ཡིས་ད་རུང་བཤད་རྒྱུར། སྐོར་ཐེངས་འདིའི་གྲོས་མོལ་ནང་དཔལ་འབྱོར་ཆེད་མཁས་པ་ཞུགས་ཡོད་པས་ཕན་འབྲས་མངོན་གསལ་ཐོབ་སྲིད་ལ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་རྩ་འཛུགས་ཀྱི་ཆེད་མཁས་པ་ཡང་གྲོས་མོལ་ཁྲོད་ཞུགས་ཀྱང་སྲིད། གྲོས་མོལ་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་བ་དང་བསྟུནནས། གྲོས་མོལ་དེ་བྱེ་བྲག་གི་ཉིང་རྡུལ་ནུས་པའི་ལག་རྩལ་གྲོས་གཞིར་འབྲེལ་བ་ཡོད་པས། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་པ་ཡང་རིམ་པ་བཞིན་དུ་གྲོས་མོལ་ལ་ཞུགས་ངེས་ཡིན་ཟེར།

ཨ་ལཱ་ཀི་ཆི་ཡིས་བཤད་རྒྱུར། སྐོར་ཐེངས་རྗེས་མའི་གྲོས་མོལ་དེ་ཟླ5བའི་ཚེས3ཉིན་སྤེལ་རྒྱུ་ཡིན་པ་དང་། བྱེ་བྲག་གི་ས་གནས་ཨ་མན་སྲིད་གཞུང་གིས་གཏན་འཁེལ་བྱས་རྗེས་ཕྱོགས་གཉིས་ལ་བརྡ་གཏོང་རྒྱུ་རེད་ཟེར།

ཉིན་དེར་ཨ་མན་གྱི་ཕྱི་འབྲེལ་བློན་ཆེན་པཱ་ཏི་ཨར་གྱིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཐེངས་འདིའི་གྲོས་མོལ་ཕན་ཚུན་བརྩི་འཇོག་དང་ཡུན་རིང་དམ་བཅའི་གྲོས་མཐུན་འགོད་པར་དམིགས་པའི་ཐུན་མོང་རེ་འདུན་ལ་ཁས་ལེན་བྱས་ཡོད་པ་དང་། སྐོར་ཐེངས་རྗེས་མའི་མཐོ་རིམ་གྲོས་མོལ་དེ་ཟླ5བའི་ཚེས3ཉིན་སྤེལ་རྒྱུར་གཏན་འཁེལ་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།