དབྱི་ཐཱ་ལེའི་ཨན་ཧྲ་འཕྲིན་གཏོང་ཁང་གིས་ཚེས26ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་གཉིས་ཀྱིས་ཉིན་དེར་ཧྥན་ཏིས་ཀང་མཁར་ནས་དུས་ཡུན་ཐུང་ངུའི་གྲོས་མོལ་བྱས་པ་དང་། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དེ་ཆ་རྐྱེན་ཅི་ཡང་མེད་པར་མཚམས་འཇོག་པའི་དོན་ལ་གྲོས་བསྡུར་བྱས་ཟེར།
བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཞིག་གིས་བཤད་ན། མགོ་ཁྲིད་པ་གཉིས་ཀྱིས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱས་ཟེར།
ཙེ་ལིན་སི་ཅི་ཡིས་དྲ་ཚིགས་བརྒྱུད་དེ་བསྟན་དོན། ཁོས་ཐི་ལིང་ཕུའུ་དང་མཉམ་དུ་གྲོས་མོལ་བྱས་ནས། ཕྱོགས་ཡོངས་ནས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་འཁྲུག་རྩོད་མཚམས་འཇོག་པ་དང་། བློ་གཏད་རུང་བའི་ཡུན་རིང་གི་ཞི་བདེ་མངོན་འགྱུར་བྱེད་པའི་དོན་ལ་གྲོས་བསྡུར་བྱས་ཟེར།
གཞན་ཡང་དབྱི་ཐཱ་ལེའི་རྒྱང་སྒྲོག་བརྙན་འཕྲིན་ཀུང་ཟིས་བསྒྲགས་པ་ལྟར་ན། གྲོས་མོལ་དེར་ཧ་ལམ་སྐར་མ15ཙམ་འགོར་ཡོད་ཟེར།
དེ་ལས་གཞན་ཙེ་ལིན་སི་ཅི་ཡིས་ཉིན་དེར་ད་རུང་སོ་སོར་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་བཅས་དང་གྲོས་མོལ་བྱས། མཱ་ཁི་ལུང་གིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ་ཁོས་ཉིན་དེར་རོ་མཱ་ནས་ཙེ་ལིན་སི་ཅི་དང་མཉམ་དུ་ཕན་འབྲས་ལྡན་པའི་གྲོས་མོལ་བྱས་པ་དང་། ཙེ་ལིན་སི་ཅི་ཡིས་ཝུའུ་ཁི་ལན་གྱིས་ཆ་རྐྱེན་ཅི་ཡང་མེད་པར་འཁྲུག་རྩོད་མཚམས་འཇོག་པར་གྲ་སྒྲིག་གང་ལེགས་བྱས་ཡོད་པ་བསྐྱར་སྒྲོག་བྱས་པར་མ་ཟད། ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་དག་གིས་མཉམ་དུ་འབད་བརྩོན་བྱས་ནས་དམིགས་འབེན་དེ་མངོན་འགྱུར་བྱེད་དུ་འཇུག་དགོས་པའི་རེ་བ་བཏོན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།