ཧཱ་མཱ་སི་ཡིས་བཀག་འཇུག་མི་སྣ་ཚང་མ་ཕྱིར་བཏང་ནས་ལོ་ལྔའི་རིང་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དུ་འཇུག་འདོད་ཡོད་པའི་ཚུལ་བསྟན།
2025.04.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨེ་ཅིབ་ཀྱི་བདེ་འཇགས་སྡེ་ཁག་གི་འབྲེལ་ཡོད་མི་སྣས་ཚེས26ཉིན་བཤད་རྒྱུར། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་་འཛུགས་ཧཱ་མཱ་སིའི་མཐོ་རིམ་དཔོན་པོ་ཧཱ་ལེ་ལེ་ཧཱ་ཡཱ་ཡིས་ཁྲིད་པའི་ཧཱ་མཱ་སིའི་འཐུས་ཚབ་ཚོགས་པས་ཉིན་དེར་ཁེ་རོའི་གྲོས་མོལ་ཁྲོད་ལྷག་འཕྲོའི་བཀག་འཇུག་མི་སྣ་ཚང་མ་ཕྱིར་བཏང་ནས་ལོ་ངོ་ལྔའི་རིང་འཁྲུག་རྩོད་མཚམས་འཇོག་ཏུ་འཇུག་རྒྱུར་འཐད་པ་བྱུང་ཡོད་ཟེར།

མིང་བཤད་མི་འདོད་པའི་མི་སྣ་དེས་བཤད་རྒྱུར། ཉིན་དེའི་གྲོས་མོལ་དེ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཇུག་སྒྲིལ་བར་སྐུལ་འདེད་གཏོང་བའི་ཐད་གལ་འགངས་ཧ་ཅང་ཆེ་བ་དང་། ཧཱ་མཱ་སིའི་འཐུས་ཚབ་ཚོགས་པས་གྲོས་གཞི་མང་བོར་དཔྱད་ཞིབ་བྱས་རྗེས་བཀག་འཇུག་མི་སྣ་ཚང་མ་ཕྱིར་བཏང་ནས་ལོ་ལྔའི་རིང་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པའི་གྲོས་གཞི་དེ་དང་ལེན་བྱས།

འབྲེལ་ཡོད་མི་སྣས་ད་རུང་བསྟན་དོན། མིག་སྔའི་བར་དུ་དབྱི་སི་རལ་ཕྱོགས་ཀྱིས་གྲོས་གཞི་གང་རུང་ལ་དངོས་གཞིའི་ལན་བྱིན་མེད་ཀྱང་། བཀག་འཇུག་མི་སྣ་ཚང་མ་ཕྱིར་གཏོང་བའི་ཐད་མུ་མཐུད་དུ་གྲོས་མོལ་བྱེད་པར་འཐད་པ་བྱུང་ཡོད་ཟེར།

གཞན་ཡང་ཨེ་ཅིབ་ཀྱི་ཁེ་རོ་གསར་འགྱུར་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཧཱ་མཱ་སིའི་འཐུས་ཚབ་ཚོགས་པས་ད་རུང་བར་འདུམ་ཕྱོགས་དང་མཉམ་དུ་ཕྱོགས་ཡོངས་ཀྱི་གྲོས་མཐུན་ཞིག་ལ་གྲོས་བསྡུར་བྱས་ཏེ། དབྱི་སི་རལ་གྱི་དམག་དཔུང་ཅཱ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱེད་པ་དང་། ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱེད་པར་འགན་སྲུང་བྱེད་རྒྱུ་ཡིན་ལ། དེ་ལས་གཞན་ཐེངས་འདིའི་གྲོས་མོལ་ད་རུང་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ནས་ཅཱ་ཧྲ་ས་ཁུལ་ལ་དོ་དམ་བྱེད་པའི་འགན་ཁུར་བའི་དོན་ལའང་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།