ཧི་སེ་ཡུན་ཞེ་ཧི་ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བསྐོ་འཇོག་བྱས།
2025.04.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས26ཉིན་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་དངོས་སུ་ཧི་སེ་ཡུན་ཞེ་ཧི་ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བསྐོ་འཇོག་བྱེད་པར་ཆོག་མཆན་བཀོད།

བསྒྲགས་པ་ལྟར་ན། བསྐོ་འཇོག་གྲོས་གཞི་དེ་ནི་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་། ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨ་པཱ་སི་ཡིས་བཏོན་པ་རེད།

ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཀྱིས་ཚེས24ཉིན་ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པའི་ལས་གནས་དེ་ཁ་སྣོན་བྱེད་རྒྱུ་ཐག་བཅད་པ་ཡིན་ལ། དེ་ནི་ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཀྱི་ལོ་རྒྱུས་སྟེང་ཐོག་དང་པོར་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པའི་ལས་གནས་བཀོད་སྒྲིག་བྱས་པ་རེད། ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡིས་ཀྲུའུ་ཞི་གཞོན་པར་ལས་འགན་བཀོད་སྒྲིག་བྱས་ཆོག་པ་དང་དེའི་ལས་འགན་ལེན་པའམ་ལས་ཁུར་དགོངས་ཞུ་དང་ལེན་བྱེད་པའི་དབང་ཆ་ཡོད་པ་ཡིན།

ཧི་སེ་ཡུན་ཞེ་ཧི་ཡིས་དེའི་སྔོན་ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོའི་འགན་ཁུར་མྱོང་། ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས26ཉིན་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གཟའ་འཁོར་རྗེས་མར་དྲུང་ཡིག་ཆེན་མོ་གསར་བ་འདེམ་བསྐོ་བྱེད་རྒྱུ་རེད་ཟེར།

ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁས་ལེན་བྱེད་པའི་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་འཐུས་མི་གཅིག་པུ་ཡིན་པ་དང་། དེའི་མགོ་ཁྲིད་ལས་ཁུངས་ནི་ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་ཡིན་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།