དབྱི་སི་རལ་གྱི་དམག་དཔུང་གིས་ཟླ3པའི་ཚེས18ཉིན་གྱི་ཚུན་ལ་ཅཱ་ཧྲ་ས་ཁུལ་གྱི་དམིགས་འབེན་སྟོང་གཅིག་དང་བརྒྱད་བརྒྱར་ཆམ་ཕབ་བཏང་།
2025.04.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས26ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཟླ3པའི་ཚེས18ཉིན་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་སླར་གསོ་བྱས་པའི་ཚུན་ལ། ཅཱ་ཧྲ་ས་ཁུལ་གྱི་དམིགས་འབེན་སྟོང་གཅིག་དང་བརྒྱད་བརྒྱ་ལྷག་ལ་ཆམ་ཕབ་བཏང་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་འགུལ་སྐྱོད་སྤེལ་སྐབས་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་བརྒྱ་ཕྲག་འགའ་བསད་པ་དང་། དེའི་ནང་བཀོད་འདོམ་དཔོན་པོ་དང་འབྲིང་རིམ་མི་སྣ་བཅུ་ཕྲག་འགའ་འདུས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། མིག་སྔར་དབྱི་སི་རལ་གྱི་དམག་དཔུང་གིས་བསྡོམས་པས་ཁྲི་ཤོག་གསུམ་མངག་ནས་ས་ངོས་འགུལ་སྐྱོད་སྤེལ་བཞིན་ཡོད་པ་དང་། དེའི་ནང་ཁྲི་ཤོག་གཉིས་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་དུ་བཀོད་སྒྲིག་བྱས་ཡོད་ལ། ཁྲི་ཤོག་གཅིག་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་དུ་བཀོད་སྒྲིག་བྱས་ཡོད། སྤྱིའི་འཐབ་འཁྲུག་དེ་འཐབ་འཛིང་སྟོང་ཤོག་བརྒྱད་ཀྱིས་ལག་བསྟར་བྱེད་བཞིན་ཡོད། འགུལ་སྐྱོད་སྤེལ་སྐབས་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་མཚོན་ཆའི་གསོག་ཉར་སྒྲིག་ཆས་ལ་གནད་ལ་འཁེལ་བའི་ཆམ་ཕབ་བཏང་སྟེ་མཚོན་ཆ་མང་བོ་རྙེད་ནས་མེད་པར་བཟོས་ཡོད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཚོད་འཛིན་ས་ཁོངས་རྒྱ་བསྐྱེད་པར་མ་ཟད་དྲག་ཆས་མི་སྣས་བེད་སྤྱོད་བྱེད་པའི་རྨང་གཞིའི་སྒྲིག་ཆས་མང་བོར་གཏོར་བཤིག་བཏང་ཡོད་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། དབྱི་སི་རལ་གྱི་མཁའ་དམག་གིས་མུ་མཐུད་དུ་ས་ངོས་དམག་དཔུང་ལ་རོགས་འདེགས་བྱེད་བཞིན་ཡོད། འདས་པའི་དུས་ཚོད48ནང་དབྱི་སི་རལ་གྱི་མཁའ་དམག་གིས་ཅཱ་ཧྲ་ས་ཁུལ་གྱི་དམིགས་འབེན120ལྷག་ལ་ཆམ་ཕབ་བཏང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།