ལེ་པཱ་ནུན་གྱི་མགོ་ཁྲིད་པ་དང་ལེ་པཱ་ནུན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས27ཉིན་སོ་སོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཉིན་དེར་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་ལྷོ་འདབས་སུ་བར་སྣང་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་མོར་འགུལ་སྐྱོད་སྤེལ་ནས་དབྱི་སི་རལ་གྱིས་མྱུར་མོར་དཔུང་འཇུག་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
ལེ་པཱ་ནུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཚེས27ཉིན་མི་མེད་གནམ་གྲུས་ཉེན་བརྡ་བཏང་བའི་རྗེས་སུ། པེ་རུ་ཐིའི་ལྷོ་འདབས་སུ་འཕུར་མདའ་གསུམ་གཏོང་འཕེན་བྱས་ཏེ། མཛོད་ཁང་གཅིག་གཏོར་བ་དང་། ཉེ་འཁོར་གྱི་ཁང་བ་དང་རླངས་འཁོར་ལ་གཏོར་བརླག་ཐེབས་ཡོད་ཀྱང་། མིག་སྔར་མི་སྣར་ཤི་རྨས་ཐེབས་པའི་སྙན་ཞུ་བསྒྲགས་མེད་ཟེར།
དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་རྒྱལ་སྲུང་བློན་ཆེན་ཁཱ་ཚི་གཉིས་ཀྱིས་ཚེས27ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་པེ་རུ་ཐིའི་ལྷོ་འདབས་སུ་དྲག་ཤུགས་འཇབ་རྒོལ་བྱས་པ་དེ་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་འཕུར་མདའ་གསོག་ཉར་བྱེད་སའི་རྨང་གཞིའི་སྒྲིག་ཆས་ལ་དམིགས་པ་ཡིན་ལ། འཕུར་མདའ་དེ་དག་གིས་དབྱི་སི་རལ་ལ་འཇིགས་ཉེན་ཆེན་པོ་བཟོས་ཡོད་པས་རེད་ཟེར།
གསལ་སྒྲོག་ལས་ད་རུང་ལེ་པཱ་ནུན་སྲིད་གཞུང་གིས་འཇིགས་ཉེན་གནས་ཚུལ་དེ་འདྲ་འབྱུང་བར་སྔོན་འགོག་བྱེད་པའི་འགན་ཁུར་བ་དང་། ཀྲིན་ཀྲུའུ་ཏང་གི་མཚོན་ཆ་དང་སྒྲིག་ཆས་ལ་ཐད་ཀར་འགན་ཁུར་དགོས་པའི་རེ་བ་བཏོན།
ལེ་པཱ་ནུན་གྱི་ཙུང་ཐུང་ཨོ་ཨིན་གྱིས་གསལ་སྒྲོག་ནང་ལེ་པཱ་ནུན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་ཁག་ཐེག་རྒྱལ་ཁབ་ཨ་མེ་རི་ཁ་དང་ཧྥ་རན་སི་ཡིས་དབྱི་སི་རལ་ལ་བཙན་སྐུལ་བྱས་ནས་དཔུང་འཇུག་མཚམས་འཇོག་ཏུ་འཇུག་པའི་འགན་ཁུར་དགོས་པའི་སྐུལ་མ་བཏང་། ཁོས་བཤད་རྒྱུར། དབྱི་སི་རལ་གྱིས་མུ་མཐུད་དུ་གཏན་འཇགས་ལ་གཏོར་བརླག་བྱས་ན་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་གཏོང་སྲིད་པ་དང་། ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་འཇིགས་ཉེན་བཟོ་སྲིད་ལ། དབྱི་སི་རལ་གྱིས་ལེ་པཱ་ནུན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་གནོད་སྐྱེལ་བའི་བྱ་སྤྱོད་དེ་གནས་ཚུལ་ཅི་འདྲའི་འོག་ཏུའང་དང་ལེན་བྱེད་ཐབས་མེད་ཟེར།
ལེ་པཱ་ནུན་གྱི་ཙུང་ལི་སཱ་ལཱ་མུའུ་ཡིས་དབྱི་སི་རལ་གྱིས་ལེ་པཱ་ནུན་ལ་བསྟུད་མར་དཔུང་འཇུག་བྱས་ནས་མང་ཚོགས་ལ་འཇིགས་སྐུལ་བར་རྒོལ་གཏམ་བཏང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་དུ་འགུལ་སྐྱོད་སྤེལ་ནས་དབྱི་སི་རལ་ཕྱོགས་ཀྱིས་བཙན་འཛུལ་བྱ་སྤྱོད་མཚམས་འཇོག་ཏུ་འཇུག་དགོས་པའི་འབོད་སྐུལ་བཏང་།
ཁོས་ནན་གྱིས་བསྟན་དོན། ལེ་པཱ་ནུན་གྱིས་ཕྱོགས་ཡོངས་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་ལག་བསྟར་བྱེད་པ་དང་། ལེ་པཱ་ནུན་གྱི་དམག་དཔུང་གིས་ལེ་པཱ་ནུན་ལྷོ་ངོས་དང་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་བཀོད་སྒྲིག་ལ་ཤུགས་སྣོན་བྱས་ཏེ། མཚོན་ཆ་ཚང་མ་རྒྱལ་ཁབ་ཀྱི་ལག་ཏུ་འཛིན་པར་འགན་སྲུང་བྱེད་བཞིན་ཡོད་ཟེར།
ལེ་པཱ་ནུན་གྱི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་ནང་དབྱི་སི་རལ་གྱིས་པེ་རུ་ཐིའི་ལྷོ་ངོས་ཀྱི་མི་མང་བོ་འདུས་པའི་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ། མང་ཚོགས་ལ་འཇིགས་དངངས་བཟོས་པ་དང་རྒྱུ་ནོར་གྱི་གྱོང་གུད་བཟོས་པར་རྒོལ་གཏམ་བཏང་བར་མ་ཟད། འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་བའི་རྒྱལ་ཁབ་སོ་སོས་དབྱི་སི་རལ་ལ་གནོན་ཤུགས་བྱིན་ནས། དབྱི་སི་རལ་གྱིས་མྱུར་མོར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་དང་འགལ་བའི་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་དགོས་པའི་རེ་བ་བཏོན། གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་ཕྱོགས་ཀྱིས་བསྟུད་མར་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་གཏོར་བརླག་བྱས་པ་དང་། ལེ་པཱ་ནུན་གྱིས་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་བྱ་བར་གཏོར་བརླག་བཏང་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་གནད་དོན་གྱི་དམིགས་བསལ་མཐུན་སྦྱོར་བ་ཕུའུ་ལཱ་སི་ཧཱ་ཐི་ཡིས་དྲ་ཐོག་བརྒྱུད་ནས་བསྟན་དོན། ཉིན་དེའི་བར་སྣང་འཇབ་རྒོལ་ལས་ས་དེའི་སྡོད་དམངས་ལ་འཇིགས་དངངས་ཆེན་པོ་བཟོས་ཡོད་པ་དང་། ཕྱོགས་སོ་སོས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་གཏོར་བརླག་བྱེད་པའི་འགུལ་སྐྱོད་གང་རུང་སྤེལ་བར་སྔོན་འགོག་བྱེད་པ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་དངོས་འབེབས་བྱེད་དགོས་ཟེར།
2024ལོའི་ཟླ11པའི་ཚེས27ཉིན་དབྱི་སི་རལ་དང་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པའི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གིས་པེ་རུ་ཐི་ལ་ཐེངས་མང་བོར་བར་སྣང་འཇབ་རྒོལ་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།