དབྱི་ལིང་གི་གྲུ་ཁའི་འགས་གཏོར་ལས་མི40རྐྱེན་ལམ་དུ་ཤོར།
2025.04.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཚེས27ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་ལྷོ་ཕྱོགས་ཀྱི་ཧྲ་ཞེ་ཏི་ལཱ་ཅཱ་དབྱེ་གྲུ་ཁར་ཚེས26ཉིན་འགས་གཏོར་དོན་རྐྱེན་བྱུང་སྟེ། མི40རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གཅིག་ལྷག་ལ་རྨས་ཕོག་ཡོད་ཟེར།

ཧྲ་ཞེ་ཏི་ལཱ་ཅཱ་དབྱེ་གྲུ་ཁ་ཡོད་སའི་ཧའོ་ཨར་མུའུ་ཙི་ཀན་ཞིང་ཆེན་གྱི་ཧྲིན་ཀྲང་གིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། མིག་སྔའི་བར་དུ་འགས་གཏོར་དེ་ལས་མི40རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་ཧའོ་ཨར་མུའུ་ཙི་ཀན་གསོ་རིག་སློབ་ཆེན་གྱི་བསྡོམས་རྩིས་གཞི་གྲངས་ལྟར་ན། མི་སྟོང་གཅིག་ལྷག་ལ་འགས་གཏོར་ཁྲོད་རྨས་ཕོག་ཡོད་པ་དང་། དེའི་ནང་མི་དགུ་བརྒྱ་དང་ལྔ་བཅུ་ལ་གསོ་བཅོས་བྱས་རྗེས་སྨན་ཁང་ལས་བུད་ཡོད་ཟེར།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཙུང་ཐུང་ཕའེ་ཙེ་ཞི་ཆི་དབྱང་གིས་ཚེས27ཉིན་གྱི་དགོང་མོར་ཧའོ་ཨར་མུའུ་ཙི་ཀན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཨ་པཱ་སི་གྲུ་ཁ་ནས་ཉམས་ཉེན་དོ་དམ་གྲོས་ཚོགས་བསྡུས་ཏེ་བསྟན་དོན། ཧྲ་ཞེ་ཏི་ལཱ་ཅཱ་དབྱེ་གྲུ་ཁའི་དོ་དམ་གནས་ཚུལ་དང་ལེན་བྱེད་ཐབས་མེད། གྲུ་ཁ་དེར་དུས་ཡུན་རིང་བོར་དོས་སྒམ་འབུམ་གཅིག་དང་ཁྲི་གཉིས་ནས་འབུམ་གཅིག་དང་ཁྲི་བཞི་གསོག་ཉར་བྱས་ཡོད་པ་དང་། དོས་སྒམ་འདི་འདྲའི་མང་བོ་ཡོད་པས་གྲུ་ཁ་དེ་གོ་རིམ་མེད་པ་ལྟ་བུར་མངོན་ཡོད་ཟེར། ཕའེ་ཙེ་ཞི་ཆི་དབྱང་གིས་ཤུགས་རྐྱེན་ཐེབས་པའི་ཁྱིམ་ཚང་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱེད་དགོས་པའི་མཛུབ་སྟོན་བྱས།

དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་ཡིས་ཚེས27ཉིན་ཧྲ་ཞེ་ཏི་ལས་ཅཱ་དབྱེ་གྲུ་ཁའི་འགས་གཏོར་དོན་རྐྱེན་ལ་རྟོག་ཞིབ་གསལ་བོ་བྱེད་དགོས་པའི་རེ་བ་བཏོན་པ་དང་། སྣང་མེད་བྱེད་པའམ་བསམ་བཞིན་སྤེལ་བའི་བྱ་སྤྱོད་གང་རུང་ལ་ཀུ་ཡངས་གཏན་ནས་གཏོང་མི་རུང་བའི་རེ་བ་བཏོན།

ཧྲ་ཞེ་ཏི་ལཱ་ཅཱ་དབྱེ་གྲུ་ཁ་ནི་དབྱི་ལིང་གི་ཚོང་ལས་གྲུ་ཁ་ཆེན་པོ་ཞིག་ཡིན་པ་དང་། ཧའོ་ཨར་མུའུ་ཙི་མཚོ་འགག་དང་ཉེ་ཞིང་། གཙོ་བོ་དོས་སྒམ་སྐྱེལ་འདྲེན་གྱི་བྱེད་སྒོ་སྤེལ་བཞིན་ཡོད་ལ། སྣུམ་གསོག་སྣོད་སོགས་རྡོ་སྣུམ་རྫས་འགྱུར་གྱི་སྒྲིག་ཆས་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།