ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་འཇིགས་སྐུལ་ཉེས་ཅན54བསད།
2025.04.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ཁི་སི་ཐན་དམག་གསུམ་གསར་འགྱུར་ཅུའུ་ཡིས་ཚེས27ཉིན་གསལ་སྒྲོག་སྤེལ་ཏེ། ཕཱ་ཁི་སི་ཐན་བདེ་འཇགས་དམག་དཔུང་གིས་འདས་པའི་ཉིན་མཚན་གཉིས་ནང་བསྡོམས་པས་ཨ་ཧྥུའུ་ཧན་ནས་ཕཱ་ཁི་སི་ཐན་གྱི་མངའ་ཁོངས་སུ་ཡོང་རྩིས་བྱེད་པའི་འཇིགས་སྐུལ་ཉེས་ཅན54བསད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། འཇིགས་སྐུལ་ཉེས་ཅན་གྱིས་ཚེས25ཉིན་དང་ཚེས26ཉིན་གྱི་དགོང་མོར་ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་ཁའེ་པའོ་ཨར་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་ཝ་ཅི་ལི་སི་ཐན་བྱང་མ་ས་ཁུལ་གྱི་ཕཱ་ཁི་སི་ཐན་དང་ཨ་ཧྥུའུ་ཧན་གྱི་མཐའ་མཚམས་ས་ཁུལ་ནས་ཕཱ་ཁི་སི་ཐན་དུ་ཡོང་རྩིས་བྱས། འཁྲུག་རྩོད་དྲག་པོ་བྱས་པ་བརྒྱུད། ཕཱ་ཁི་སི་ཐན་གྱི་བདེ་འཇགས་དམག་དཔུང་གིས་འཇིགས་སྐུལ་ཉེས་ཅན་དེ་དག་བསྐོར་བཅོམ་བྱས་པ་དང་། ཡུལ་དངོས་ནས་མཚོན་ཆ་དང་འགད་རྫས་མང་བོ་གཞུང་བཞེས་བྱས་ཡོད་ཟེར།

གསལ་སྒྲོག་ལས་བསྟན་དོན། དེ་ནི་ཕཱ་ཁི་སི་ཐན་གྱིས་འཇིགས་སྐུལ་འགུལ་སྐྱོད་སྤེལ་བའི་ཚུན་ལ། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཐེངས་གཅིག་ལ་འཇིགས་སྐུལ་ཉེས་ཅན་བསད་པའི་ཁ་གྲངས་ཆེས་མང་བའི་འགུལ་སྐྱོད་ཐེངས་ཤིག་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།