ཕུའུ་ཐའོ་ཡཱ་ཡིས་ཚེས28ཉིན་གྱི་སྔ་དྲོར་བྱུང་བའི་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ཆེན་པོར་གློག་ཆད་པའི་གནད་དོན་དེ་རིམ་བཞིན་ཐག་གཅོད་བྱས་ཏེ། ཉིན་དེའི་དགོང་མོར་རྒྱལ་ཡོངས་ཀྱི་སུམ་ཆའི་གཅིག་ཙམ་གྱི་ཁྱིམ་ཚང་ལ་གློག་འདོན་སླར་གསོ་བྱས་ཡོད། ཕུའུ་ཐའོ་ཡཱའི་ཙུང་ལི་མིན་ཐི་ནེ་ཀི་ལོ་ཡིས་བསྟན་དོན། གློག་ཤུགས་མཁོ་འདོན་དེ་མ་འོངས་པའི་དུས་ཚོད་འགའི་ནང་ཕྱོགས་ཡོངས་ནས་སླར་གསོ་བྱེད་རྒྱུ་ཡིན་ཟེར།
ཕུའུ་ཐའོ་ཡཱ་རྒྱལ་ཁབ་ནུས་ཁུངས་དྲ་རྒྱའི་ཀུང་ཟིའི་སྙན་ཞུ་ལྟར་ན། དགོང་མོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་བར། ཁྱིམ་ཚང་ས་ཡ་གཉིས་ལྷག་གི་གློག་འདོན་སླར་གསོ་བྱས་པ་དང་། རྒྱལ་ཡོངས་གློག་ཤུགས་བཀོལ་མཁན་སྤྱི་གྲངས་ཀྱི་སུམ་ཆའི་གཅིག་ཙམ་ཟིན་ཡོད། གློག་ཤུགས་སླར་གསོ་བྱེད་པ་དེར་འཆར་གཞི་ལྟར་བྱང་ནས་ལྷོ་རུ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། མིག་སྔར་བྱང་ངོས་ཀྱི་པའོ་ཨར་ཐུའུ་དང་རྒྱལ་ས་ལི་སི་པིན་སོགས་ས་ཁུལ་མང་ཆེ་བའི་གློག་འདོན་སླར་གསོ་བྱས་ཡོད་ལ། གནམ་གྲུ་ཐང་གི་ལས་གཉེར་ཡང་སླར་གསོ་བྱས་ཡོད་པ་རེད།
མིན་ཐི་ནེ་ཀི་ལོ་ཡིས་ཉིན་དེའི་དགོང་མོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཚོད་དཔག་བྱས་ན་གློག་ཤུགས་མཁོ་འདོན་དེ་མ་འོངས་པའི་དུས་ཚོད་འགའི་ནང་ཕྱོགས་ཡོངས་ནས་སླར་གསོ་བྱེད་ཐུབ་ཟེར། ཁོས་བསྟན་དོན། ཐེངས་འདིའི་ཁྱབ་ཁོངས་ཆེན་པོར་གློག་ཆད་པ་དེ་སི་ཕན་གྱི་གློག་དྲའི་གློག་གནོན་གློ་བུར་དུ་ཇེ་མཐོར་སོང་བ་དང་འབྲེལ་བ་ཡོད་ཀྱང་རྒྱུ་རྐྱེན་ཅི་ཡིན་གསལ་བོར་མི་ཤེས་ཟེར།
གཞན་ཡང་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། སི་ཕན་གྱི་དབུ་བཞུགས་བློན་ཆེན་སིང་ཆེ་སི་ཡིས་ཉིན་དེའི་དགོང་མོར་བསྟན་དོན། སི་ཕན་གྱི་གློག་དྲའི་འཁོར་སྐྱོད་ཚོང་གཉེར་མཁན་གྱིས་རྒྱལ་ཡོངས་ཀྱི་ས་ཁུལ་ཕྱེད་ཙམ་གྱི་གློག་འདོན་སླར་གསོ་བྱས་ཡོད་ཟེར།
ཕུའུ་ཐའོ་ཡཱ་དང་སི་ཕན་རྒྱལ་ཁབ་ཏུ་ཚེས28ཉིན་ས་ཁོངས་ཆེན་པོར་གློག་ཆད་པ་དང་། ཕུའུ་ཐའོ་ཡཱའི་སྨྱན་བྱད་ཀྱིས་ཉིན་དེར་བསྒྲགས་པ་ལྟར་ན། ཐེངས་འདིའི་གློག་ཆད་པའི་གནད་དོན་དེ་ཡོ་རོབ་གླིང་གི་གློག་དྲར་གནད་དོན་བྱུང་བའི་དབང་གིས་ཕུའུ་ཐའོ་ཡཱའི་གློག་དྲ་ལ་ཤུགས་རྐྱེན་ཐེབས་པ་རེད་ཟེར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གིས་སི་ཕན་དང་ཕུའུ་ཐའོ་ཡཱའི་སྲིད་གཞུང་བར་འབྲེལ་འདྲིས་ཟབ་མོ་བྱེད་བཞིན་ཡོད་པ་དང་། གློག་ཆད་པའི་གནས་བབ་ལ་ལྟ་ཞིབ་ཚད་འཇལ་བྱས་ཏེ། ཐེངས་འདིའི་གློག་ཆད་པའི་དོན་རྐྱེན་དེའི་འབྱུང་རྐྱེན་དང་ཤུགས་རྐྱེན་ལ་རྒྱུས་ལོན་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།