ཨེ་ཅིབ་དང་སུའུ་ཏན་གྱི་མགོ་ཁྲིད་པས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ནན་བཤད་བྱས།
2025.04.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས28ཉིན་འཚམས་འདྲིར་ཡོང་བའི་སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའམ་དྲག་ཆས་དམག་དཔུང་གི་དམག་སྤྱི་པུའུ་ཨར་ཧན་གྱིས་ཁེ་རོ་ནས་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་སུའུ་ཏན་གྱི་ཉེ་བའི་གནས་བབ་འཕེལ་ཕྱོགས་དང་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། དེ་མིན་ཁྱབ་ཁོངས་གཞན་པའི་གནད་དོན་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། གྲོས་མོལ་ནས་སུའུ་ཏན་དྲག་ཆས་དམག་དཔུང་གིས་ཡང་བསྐྱར་རྒྱལ་ས་ཁཱ་ཐུའུ་མུའུ་བདག་བཟུང་བྱེད་པའི་ཐད་ནས་གྲུབ་འབྲས་བླངས་པར་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། ངེས་པར་དུ་འབད་བརྩོན་བྱས་ནས་འཐབ་འཁྲུག་བྱུང་བའི་ས་ཁུལ་གྱི་སུའུ་ཏན་མང་ཚོགས་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་དང་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པར་འདོད།

གྲོས་མོལ་ནས་རྒྱལ་ཁབ་གཉིས་ཀྱི་གློག་ཤུགས་མཉམ་སྦྲེལ་དང་ལྕགས་ལམ། ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལས་གཞིའི་འཕེལ་རྒྱས་གནས་ཚུལ་ལ་ཕྱིར་དྲན་བྱས་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།

གསལ་སྒྲོག་ལས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཨེ་ཅིབ་དང་སུའུ་ཏན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་ཐུན་མོང་ལྟ་ཚུལ་བསྐྱར་སྒྲོག་བྱས་པ་དང་། མུ་མཐུད་དུ་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་ཆུའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་ནེ་ལོ་གཙང་བོའི་བཞུར་བརྒྱུད་དུ་ཕྱོགས་གཅིག་གི་བྱེད་ཐབས་གང་རུང་སྤྱོད་པར་ངོ་རྒོལ་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།