ཕུའུ་ཅིན་གྱིས་ཟླ5བའི་ཚེས8ཉིན་ནས་ཚེས10ཉིན་བར་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས།
2025.04.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས28ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་རྒྱལ་སྲུང་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འགོར་བར་རྗེས་དྲན་བྱེད་སྐབས། ཟླ5བའི་ཚེས8ཉིན་ནས་ཚེས10ཉིན་བར་འཁྲུག་རྩོད་མཚམས་འཇོག་རྒྱུ་ཐག་བཅད་ཡོད་ལ། སྐབས་ཐོག་དེར་དམག་དོན་འགུལ་སྐྱོད་ཚང་མ་མཚམས་འཇོག་རྒྱུ་རེད།

གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན་ཝུའུ་ཁི་ལན་ཕྱོགས་ཀྱིས་བྱེད་ཐབས་དེ་དང་ལེན་བྱེད་དགོས་པར་འདོད། གལ་ཏེ་ཝུའུ་ཁི་ལན་ཕྱོགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་སྤེལ་ན། ཨུ་རུ་སིའི་དྲག་ཆས་དམག་དཔུང་གིས་ཕྱིར་རྒོལ་ལན་དྲག་པོ་སྤྲོད་ངེས་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཆ་རྐྱེན་ཅི་ཡང་མེད་པར་ཞི་བའི་གྲོས་མོལ་བྱས་ནས་ཝུའུ་ཁི་ལན་ཉམས་ཉེན་གྱི་འབྱུང་རྩ་མེད་པར་བཏང་ནས་རྒྱལ་སྤྱིའི་གྲོགས་པོའི་བར་འཛུགས་སྐྲུན་རང་བཞིན་ལྡན་པའི་འབྲེལ་འདྲིས་བྱེད་འདོད་ཡོད་པ་བསྐྱར་སྒྲོག་བྱས།

1945ལོའི་ཟླ5བའི་ཚེས8ཉིན་གྱི་ནམ་གུང་། ཧྥ་ཞི་སིའི་འཇར་མན་གྱིས་པའོ་ལིན་ཉེ་འདབས་ཀྱི་ཁཱ་ཨར་སི་ཧའོ་སི་ཐི་ནས་ཆ་རྐྱེན་ཅི་ཡང་མེད་པར་མགོ་སྒུར་བའི་ཡི་གེ་བཀོད་པ་དང་། སྐབས་ཐོག་དེར་པའོ་ལིན་ཤར་ངོས་ཀྱི་སུའུ་ལིན་དུ་ཟླ5བའི་ཚེས9ཉིན་གྱི་ཞོགས་པ་ཚེས་ཡོད། སུའུ་ལིན་གྱིས་ཟླ5བའི་ཚེས9ཉིན་དེ་རྒྱལ་སྲུང་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་པའི་ཉིན་མོར་གཏན་འཁེལ་བྱས་ཡོད་ལ། ད་ལྟ་རྒྱལ་སྲུང་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་པའི་ཉིན་མོ་ནི་ཨུ་རུ་སིའི་ཆེས་གཟབ་རྒྱས་ཆེ་བའི་དུས་ཆེན་ཞིག་ཏུ་གྱུར་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།