ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་སི་པུས་ཅཱ་ཡིས་ཚེས28ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། ཨུ་རུ་སིའི་དམག་དཔུང་གིས་ཕྱོགས་གང་རུང་ནས་འཐབ་ཇུས་རྒྱལ་ཁ་ཅི་ཡང་བླངས་མེད་པ་དང་། ཝུའུ་ཁི་ལན་གྱི་ཞི་བདེ་མངོན་འགྱུར་བྱེད་ན་ངེས་པར་དུ་ཡང་དག་པའི་ཆ་འཕྲིན་དང་དཔྱད་འཇོག་རྨང་གཞིར་བྱེད་དགོས་ཟེར།
སི་པུས་ཅཱ་ཡིས་བཤད་རྒྱུར། ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་མིག་སྔར་གཡུལ་ས་ཇེ་བརྟན་དུ་བཏང་ནས་པའོ་ཁི་ལོ་ཧྥུའུ་སི་ཁི་དང་ས་ཁུལ་གཞན་པའི་འཐབ་ར་སྐོར་ཞིག་ཕྱིར་བླངས་ཡོད་ལ། ཨུ་རུ་སིའི་དམག་དཔུང་གིས་ཕྱོགས་གང་རུང་ནས་འཐབ་ཇུས་རྒྱལ་ཁ་ཅི་ཡང་བླངས་མེད། འདས་པའི་ལོ་ངོ་གསུམ་ནང་། ཝུའུ་ཁི་ལན་གྱི་རྒྱལ་སྲུང་བཟོ་ལས་ཐོན་ནུས་ལྡབ་དྲུག་འཕར་ཡོད་ལ། ཝུའུ་ཁི་ལན་དམག་ཕྱོགས་ཀྱི་བརྒྱ་ཆའི་བཞི་བཅུའི་མཚོན་ཆའི་དགོས་མཁོ་བསྐང་ཐུབ་ཡོད་ཟེར།
སི་པུས་ཅཱ་ཡིས་བསྟན་དོན། ཝུའུ་ཁི་ལན་ཕྱོགས་ཀྱིས་ཞི་བདེ་མངོན་འགྱུར་བྱེད་འདོད་པ་དང་། འཁྲུག་རྩོད་མྱུར་དུ་མཚམས་འཇོག་པར་རེ་བཞིན་ཡོད་ཀྱང་། ཞི་བདེ་མངོན་འགྱུར་བྱེད་ན་ངེས་པར་དུ་ཡང་དག་པའི་ཆ་འཕྲིན་དང་དཔྱད་འཇོག་རྨང་གཞིར་བྱེད་དགོས། ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སིའི་ཕྱོགས་ལ་གནོན་ཤུགས་སྟེར་བ་དང་ཝུའུ་ཁི་ལན་གྱི་དམག་དཔུང་ལ་ཤུགས་སྣོན་བྱས་ཏེ་ཨུ་རུ་སིའི་གནས་བབ་བསྒྱུར་ཐུབ་པའི་སྟོང་སེམས་གང་རུང་མེད་པར་བཏང་ནས། ཨུ་རུ་སིའི་ཕྱོགས་ཀྱིས་འཐབ་འཁྲུག་རྒྱ་མི་བསྐྱེད་པར་འཁྲུག་རྩོད་མཚམས་འཇོག་པར་བསམ་བློ་གཏོང་དུ་འཇུག་དགོས་པའི་རེ་བ་བཏོན།
སི་པུས་ཅཱ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་ད་རུང་བསྟན་དོན། གལ་ཏེ་ཨུ་རུ་སིའི་ཕྱོགས་ཀྱིས་དོན་དངོས་སུ་ཞི་བདེ་འདོད་ན་ངེས་པར་དུ་འཁྲུག་རྩོད་མཚམས་འཇོག་དགོས་པ་ལས་དམག་གཟིགས་བྱེད་པའི་སྐབས་སུ་གནས་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པ་དེ་མིན། ཝུའུ་ཁི་ལན་ཕྱོགས་ཀྱིས་ཡུན་རིང་དང་རྒྱུན་མཐུད། ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པར་རྒྱབ་སྐྱོར་བྱེད་འདོད་ཡོད་ལ། ཆེས་མ་མཐའ་ཡང་ཉིན་སུམ་ཅུའི་རིང་འཁྲུག་རྩོད་མཚམས་འཇོག་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།