ཨེ་ཅིབ་བདེ་འཇགས་སྡེ་ཁག་གི་མི་སྣ་གཉིས་ཀྱིས་ཚེས28ཉིན་ཞིན་ཧྭ་གསར་འགྱུར་ཁང་ལ་བཤད་རྒྱུར། ཨེ་ཅིབ་ཀྱི་དཔོན་རིགས་ཀྱིས་ཉིན་དེར་རྒྱལ་ས་ཁེ་རོ་ནས་དབྱི་སི་རལ་གྱི་འཐབ་ཇུས་ལས་དོན་པུའུ་ཀྲང་ཏི་ཨར་མའོ་ཡིས་ཁྲིད་པའི་དབྱི་སི་རལ་གྱི་འཐུས་ཚབ་ཚོགས་པར་གྲོས་མོལ་བྱས་པ་དང་། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པའི་གྲོས་གཞི་གསར་བ་ཞིག་ལ་གྲོས་བསྡུར་བྱས།
མིང་བཤད་མི་འདོད་པའི་འབྲེལ་ཡོད་མི་སྣ་དེ་གཉིས་ཀྱིས་བསྟན་དོན། ཨེ་ཅིབ་ཀྱིས་གྲོས་གཞི་གསར་བ་ཞིག་བཏོན་པ་དང་། ནང་དོན་གཙོ་བོར་ཟླ་ངོ་དྲུག་རིང་འཁྲུག་རྩོད་མཚམས་བཞག་སྟེ། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་དབྱི་སི་རལ་གྱི་བཀག་འཇུག་ཐེབས་པའི་མི་སྣ་ཕྱེད་ཀའི་ཡན་ཕྱིར་གཏོང་དུ་འཇུག་པ་སོགས་འདུས། དབྱི་སི་རལ་ཕྱོགས་ཀྱིས་དེའི་སྔོན་ཨེ་ཅིབ་ཀྱིས་བཏོན་པའི་ཧཱ་མཱ་སི་ཡིས་དབྱི་སི་རལ་གྱི་བཀག་འཇུག་ཐེབས་པའི་མི་སྣ་ཚང་མ་ཕྱིར་བཏང་སྟེ་ལོ་ལྔའི་རིང་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱས་མེད།
འབྲེལ་ཡོད་མི་སྣ་དེ་གཉིས་ཀྱིས་བཤད་རྒྱུར། གྲོས་གཞི་གསར་བར་ད་རུང་དབྱི་སི་རལ་གྱི་དམག་དཔུང་དག་དུས་རིམ་བགོས་ནས་ཅཱ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱེད་པ་དང་། ཅཱ་ཧྲ་ས་ཁུལ་གྱི་བསྐྱར་འཛུགས་སོགས་ནང་དོན་འདུས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།