བསྟུད་མར་ཉིན་འགའི་རིང་ལ། ཨེ་ཅིབ་ཀྱི་ཆབ་སྲིད་ལས་རིགས་ཀྱི་མི་སྣ་དང་བཅའ་ཁྲིམས་ཆེད་མཁས་པ། མང་ཚོགས་བཅས་ཀྱིས་བསྟུད་མར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཉེ་སྔོན་སུའུ་དབྱེ་ཧྲི་མིས་བཟོས་ཡུར་ཆེན་སྐོར་གྱི་གཏམ་བཤད་ལ་སྐྱོན་འཛུགས་བྱས།
ཐི་ལིང་ཕུའུ་ཡིས་ཚེས26ཉིན་སྒེར་གྱི་དྲ་ཚིགས་སྟེང་བཤད་རྒྱུར། ཨ་མེ་རི་ཁའི་དམག་གྲུ་དང་ཚོང་དོན་གྲུ་གཟིངས་སོགས་འདུས་པའི་གྲུ་གཟིངས་དག་རིན་མེད་དུ་ཕཱ་ནཱ་མཱ་མིས་བཟོས་ཡུར་ཆེན་དང་སུའུ་དབྱེ་ཧྲི་མིས་བཟོས་ཡུར་ཆེན་བརྒྱུད་པར་ཆོག་མཆན་འགོད་དགོས་ཟེར། ཁོས་བཤད་རྒྱུར། ཨ་མེ་རི་ཁ་མེད་ན་མིས་བཟོས་ཡུར་ཆེན་དེ་གཉིས་ཡོད་མི་སྲིད་ཟེར། ཁོས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལ་དོན་དེ་མྱུར་མོར་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར།
ཨེ་ཅིབ་གྲོས་ཞུགས་ཁང་གི་ཕྱི་འབྲེལ་དང་ཨ་རབ་རྒྱལ་ཁབ། ཨ་ཧྥེ་རི་ཁ་གླིང་བཅས་ཀྱི་ལས་དོན་ཨ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་སུའུ་ལའེ་མན་གྱིས་ཚེས28ཉིན་བསྟན་དོན། ཨེ་ཅིབ་གཅིག་པུར་སུའུ་དབྱེ་ཧྲི་མིས་བཟོས་ཡུར་ཆེན་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཡོད་པ་དང་། མིས་བཟོས་ཡུར་ཆེན་བརྒྱུད་པའི་གླ་རིན་ནི་ཨེ་ཅིབ་ཀྱི་རྒྱལ་ཁབ་དཔལ་འབྱོར་ལ་རྒྱབ་སྐྱོར་དང་ཨེ་ཅིབ་ཀྱི་སྤྱི་དམངས་ལ་ཞབས་འདེགས་ཞུ་བ་ཡིན་པ་དང་། ཁ་གཡོར་སའི་རྒྱུ་མཚན་གང་རུང་ལ་བརྟེན་ནས་དེར་གནོད་སྐྱེལ་མི་རུང་ཟེར།
ཨེ་ཅིབ་མི་རིགས་ཡར་ཐོན་གཅིག་གྱུར་སྡེ་ཚོགས་ཏང་གི་ཀྲུའུ་ཞི་ཨ་ལེ་ཡིས་ཚེས27ཉིན་བཤད་རྒྱུར། ཐི་ལིང་ཕུའུ་ཡི་གཏམ་བཤད་དེ་ལས་མི་སེར་སྤེལ་བའི་རིང་ལུགས་ཀྱི་སེམས་ཁམས་མངོན་པར་མཚོན་ཡོད་ཅིང་། མིས་བཟོས་ཡུར་ཆེན་བརྒྱུད་པའི་གླ་རིན་ནི་རྒྱལ་སྤྱིའི་ཚད་གཞི་ལྟར་གཏན་འབེབས་བྱས་པ་ཡིན་ལ། མཐོང་ཆུང་རང་བཞིན་མེད་པས། ཨ་མེ་རི་ཁས་དམིགས་བསལ་གྱི་ཆ་རྐྱེན་བཙན་འཇོག་བྱེད་མི་རུང་བ་དང་། ཐི་ལིང་ཕུའུ་ཡི་འབོད་སྐུལ་དེ་ལྭ་གསར་གྱོན་པའི་དཔལ་འབྱོར་གྱི་མི་སེར་སྤེལ་བའི་རིང་ལུགས་ཡིན་པ་ཙམ་དུ་ཟད་ཟེར།
ཨེ་ཅིབ་ཁེ་རོ་སློབ་ཆེན་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་དགེ་རྒན་ཆེན་མོ་སཱ་ལཱ་མཱ་ཡིས་ཚེས28ཉིན་གསར་འགོད་པར་བཤད་རྒྱུར། ཐི་ལིང་ཕུའུ་ཡི་འདོད་བློ་དེར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཅི་ཡང་མེད་པ་དང་། མཚོ་འགྲམ་རྒྱལ་ཁབ་ཀྱི་མཚོ་ཁོངས་དང་མཚོ་འགག་གི་བདག་དབང་སྣང་མེད་དུ་བསྐྱུར་བ་ཡིན་ལ། དེ་ནི་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་གཞི་རྩའི་རྩ་དོན་དང་རྒྱབ་འགལ་དུ་སོང་ཡོད་ཟེར།
ཐི་ལིང་ཕུའུ་ཡི་གཏམ་བཤད་དེར་ཨེ་ཅིབ་སྤྱི་ཚོགས་ཀྱི་སྨྱན་བྱད་སྟེགས་བུར་ངོ་རྒོལ་ཆེན་པོ་ཐེབས་ཡོད། རྒྱ་ཆེར་མཉམ་སྤྱོད་བྱེད་པའི་ཆ་འཕྲིན་གྱི་ནང་དོན་ཞིག་ནི། ང་ཚོའི་མེས་པོས་རྔུལ་ཁྲག་ལ་བརྟེན་ནས་སུའུ་དབྱེ་ཧྲི་མིས་བཟོས་ཡུར་ཆེན་ལས་སྐབས། ཨ་མེ་རི་ཁས་སྔར་བཞིན་ནང་འཁྲུག་བྱེད་བཞིན་ཡོད། ང་ཚོ་མུ་མཐུད་དུ་མེས་པའི་བཞུད་ལམ་དུ་ཞུགས་དགོས་ལ། ཐི་ལིང་ཕུའུ་ཡིས་ཁོའི་ཆ་རྐྱེན་དེ་ང་ཚོའི་མགོར་བཙན་འཇོག་བྱེད་མི་རུང་ཟེར།
སུའུ་དབྱེ་ཧྲི་མིས་བཟོས་ཡུར་ཆེན་དེ་ཨེ་ཅིབ་ཀྱི་མངའ་ཁོངས་སུ་ཡོད་པ་དང་། ས་དཀྱིལ་མཚོ་ཁོངས་དང་མཚོ་དམར་གཅིག་ཏུ་སྦྲེལ་བའི་རྒྱལ་སྤྱིའི་མཚོ་འགྲུལ་རྒྱུ་ལམ་གལ་ཆེན་ཞིག་ཡིན་ཞིང་། དེང་རབས་ཀྱི་སུའུ་དབྱེ་ཧྲི་མིས་བཟོས་ཡུར་ཆེན་དེ1869ལོར་གྲུབ་ནས་གྲུ་གཏོང་མགོ་བརྩམས་པ་ཡིན་ཞིང་། ཧྥ་རན་སི་དང་དབྱིན་ཇི་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱས་མྱོང་ལ། 1956ལོར་ཨེ་ཅིབ་སྲིད་གཞུང་གིས་ཕྱིར་བླངས་ནས་བདག་པོ་བརྒྱབ་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།