ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས29ཉིན་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མཉམ་དུ་འབད་བརྩོན་བྱས་ནས་སྔར་ལས་དྲང་བདེན་གྱི་སྣེ་མང་འཛམ་གླིང་སྒྲིག་སྲོལ་དང་། འདྲ་མཉམ་དང་བདེ་འཇགས་ཀྱི་ཁ་འབྲལ་ཐབས་མེད་པའི་སྒྲོམ་གཞི་གསར་བ་འཛུགས་དགོས་པའི་ཚུལ་བསྟན།
ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སིའི་ཧྥུའུ་ཨར་ཅཱ་ཀི་ལེ་གྲོང་ཁྱེར་དུ་རླབས་ཆེན་ཤུལ་བཞག་དང་ཐུན་མོང་མ་འོངས་ཞེས་པའི་ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་མནའ་འབྲེལ་རྒྱལ་ཁབ་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས་བཤད་རྒྱུར། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ཏེ། ཕན་ཚུན་གྱི་ཁེ་ཕན་ལ་བརྩི་འཇོག་དང་རྒྱལ་ཁབ་སོ་སོས་རང་རང་གི་འཕེལ་རྒྱས་ཐབས་ལམ་གདམ་གསེས་བྱེད་དབང་ཡོད་པའི་རྩ་དོན་རྨང་གཞིའི་སྟེང་། སྔར་ལས་འདྲ་མཉམ་གྱི་སྣེ་མང་འཛམ་གླིང་སྒྲིག་སྲོལ་འཛུགས་དགོས་པ་དང་། འདྲ་མཉམ་དང་བདེ་འཇགས་ཡིན་ལ་ཁ་འབྲལ་ཐབས་མེད་པའི་སྒྲོམ་གཞི་གསར་བ་ཞིག་བཙུགས་ནས་རྒྱལ་ཁབ་ཚང་མའི་བདེ་འཇགས་ལ་སྲུང་སྐྱོབ་གང་ལེགས་བྱེད་དགོས་ཟེར།
ཕུའུ་ཅིན་གྱིས་གཏམ་བཤད་སྤེལ་སྐབས་ནཱ་ཚོའུ་རིང་ལུགས་ལ་སླར་གསོ་བྱེད་པར་བཀག་འགོག་དང་། ཨུ་རུ་སི་དགྲར་འཛིན་པ་སོགས་གཏོར་བརླག་རང་བཞིན་གྱི་འདུ་ཤེས་འཛིན་སྟངས་རྒྱ་ཁྱབ་ཏུ་འགྲོ་བར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
ཁོས་བསྟན་དོན། ཨུ་རུ་སི་དང་ཨུ་རུ་སི་དཀར་པོ། འཛམ་གླིང་གི་རྒྱལ་ཁབ་གཞན་པ་དག་གིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་བསླབ་བྱ་དུས་རྟག་ཏུ་ཡིད་ལ་དམ་པོར་འཛིན་ངེས་ཡིན། ང་ཚོའི་མི་དམངས་ཀྱིས་ནཱ་ཚོའུ་ལ་རྣམ་པར་རྒྱལ་ཆེད་རིན་དོད་ཆེན་པོ་བཏང་ཡོད་ལ་བློས་གཏོང་མང་བོ་བྱས་ཡོད་པ་ཤེས་དགོས་ཟེར།
ཟླ5བའི་ཚེས9ཉིན་གྱི་སུའུ་ལེན་རྒྱལ་སྲུང་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་པའི་རྗེས་དྲན་ཉིན་མོའི་ཐད་ནས་ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་དག་མའོ་སི་ཁོ་ནས་སྤེལ་རྒྱུ་ཡིན་པའི་དགའ་སྟོན་རྟེན་འབྲེལ་བྱ་འགུལ་ལ་ཞུགས་པར་རེ་སྒུག་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་གཞན་པས་དམག་མི་མངག་ནས་ཨུ་རུ་སིའི་དམག་མི་དང་མཉམ་དུ་དམར་ཐང་དུ་སྤེལ་བའི་དམག་གཟིགས་མཛད་སྒོར་ཞུགས་པར་གདེང་འཇོག་ཆེན་པོ་བྱས།
ཉིན་དེར་ཨུ་རུ་སིར་འཚམས་འདྲི་བྱེད་བཞིན་པའི་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་གླེང་སྟེགས་བྱ་འགུལ་ལ་ཞུགས་སྐབས་བཤད་རྒྱུར། ཐེངས་འདིའི་གླེང་སྟེགས་སྤེལ་སའི་ས་ཁུལ་ལ་མཚོན་བྱེད་ཀྱི་དོན་སྙིང་གལ་ཆེན་ལྡན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།