ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པས་ཚེས28ཉིན་ཨེ་ཙེ་ཨོ་ཕི་ཡཱའི་རྒྱལ་ས་ཏི་ཡཱ་པེ་པཱ་ནས་བྱ་འགུལ་སྤེལ་ཏེ། ཨ་ཧྥེ་རི་ཁ་གླིང་གི་ཀྲུང་གོའི་ཚོང་ཚོགས་བཙུགས་པར་དགའ་སྟོན་རྟེན་འབྲེལ་ཞུས། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དུ་སྡོད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དག་གི་འཐུས་ཚབ་ཚོགས་པ། ཨེ་ཙེ་ཨོ་ཕི་ཡཱའི་སྲིད་གཞུང་། ཀྲུང་གོའི་དངུལ་གཏོང་ཁེ་ལས་སོགས་ཀྱི་མི200ལྷག་བྱ་འགུལ་ལ་ཞུགས།
ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཧུའུ་ཁྲང་ཁྲོན་གྱིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆེས་བཟང་བའི་དུས་སྐབས་སུ་གནས་ཡོད་པ་དང་། ཀྲུང་གོས་ནམ་རྒྱུན་རང་དབང་ཉོ་ཚོང་དང་མཉམ་ལས་མཉམ་རྒྱལ་གྱི་དམ་བཅའ་བརྩི་སྲུང་བྱས་ཡོད། ཨ་ཧྥེ་རི་ཁ་གླིང་གི་ཀྲུང་གོའི་ཚོང་ཚོགས་བཙུགས་པ་ནི་དམིགས་འབེན་དེ་མངནོ་འགྱུར་བྱེད་ཆེདཡིན་ལ། མཉམ་ལས་དང་གྲོས་མོལ་གྱི་སྟེགས་བུ་ཡིན་པའི་ཆ་ནས། ཚོང་ཚོགས་དེས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ཚོང་ར་སྦྲེལ་མཐུད་བྱེད་པ་དང་། དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་བྱེད་ངེས་ཡིན་ཟེར།
ཨ་ཧྥེ་རི་ཁ་གླིང་གི་ཀྲུང་གོའི་ཚོང་ཚོགས་ཀྱི་དྲུང་ཡིག་ཆེན་མོ། ཀྲུང་གོའི་ཨེ་ཙེ་ཨོ་ཕི་ཡཱའི་ས་ཤིང་བཟོ་སྐྲུན་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་ཝུའུ་ཅིག་དབྱེ་ཡིས་མཚམས་སྦྱོར་བྱས་དོན། ཚོང་ཚོགས་ཀྱིས་ཁེ་ལས་ལ་རོགས་རམ་བྱས་ནས་ཉེན་ཡོལ་བྱེད་པ་དང་གོ་སྐབས་དམ་འཛིན་བྱེད་རྒྱུ་མ་ཟད། ཁྲལ་བསྡུ་དང་ངལ་རྩོལ་བཟོ་བ། ཕྱི་དངུལ་སོགས་ཐད་ཀྱི་ཡིད་རྟོན་ཆ་འཕྲིན་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། ཨ་ཧྥེ་རི་ཁ་གླིང་གི་ཀྲུང་གོའི་ཚོང་ཚོགས་དེ་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པའི་མཛུབ་སྟོན་འོག་བཙུགས་པ་དང་། བསྡོམས་པས་ཁོངས་གཏོགས་ལས་ཁུངས་བཅོ་ལྔ་ཡོད་ལ། ཞིང་ལས་དང་འཛུགས་སྐྲུན། བཟོ་སྐྲུན། གློག་འཕྲིན། ནུས་ཁུངས། སྨན་བཅོས་བདེ་སྲུང་སོགས་ལས་རིགས་ལ་ཁེབས་ཡོད། ཚོང་ཚོགས་དེའི་དམིགས་ཡུལ་ནི་ཨ་ཧྥེ་རི་ཁ་གླིང་དུ་རྐང་བཙུགས་ནས་ཁེ་ལས་ལ་ཞབས་ཞུ་བྱེད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གཅིག་སྦྲེལ་བྱས་ནས་འཕེལ་རྒྱས་མཉམ་བརྩོན་བྱེད་པའི་ཆེད་དུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།