སི་རི་ཡཱའི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཟླ4བའི་ཚེས30ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་ལྷོ་ནུབ་ཕྱོགས་ཀྱི་ཉེ་འདབས་ས་ཁུལ་དུ་ཚེས29ཉིན་གྱི་དགོང་མོར་བདེ་འཇགས་མི་སྣ་དང་མི་སེར་དཀྱུས་མར་དམིགས་པའི་དྲག་ཆས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། མི11རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཡོད་ཟེར།
སི་རི་ཡཱའི་ནང་སྲིད་སྡེ་ཁག་གི་འབྲེལ་ཡོད་མི་སྣས་བཤད་རྒྱུར། ཚེས29ཉིན་གྱི་དགོང་མོར། ཏཱ་མཱ་ཧྲི་ཀིའི་ལྷོ་ནུབ་ཕྱོགས་ཀྱི་ཉེ་འདབས་ཀྱི་ཨ་ཧྲི་ལཱ་ཧྥེ་ཡེ་དང་སཱ་ཧི་ནཱ་ཡཱ་ས་ཁུལ་གྱི་ཁྲིམས་འགལ་ཚོགས་པའི་མི་སྣས་བདེ་འཇགས་སྡེ་ཁག་གི་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་པ་དང་། གཞན་ཡང་ཁྲིམས་འགལ་ཚོགས་པའི་མི་སྣ་སྐོར་ཞིག་ཞིང་ཁར་སོང་སྟེ། ལམ་བར་ནས་དམངས་བཀོལ་རླངས་འཁོར་དང་བདེ་འཇགས་མི་སྣའི་རླངས་འཁོར་ལ་མེ་མདས་བརྒྱབ་ནས་མི་མང་བོར་ཤི་རྨས་བཟོས་ཡོད་ཟེར།
སི་རི་ཡཱའི་འཕྲོད་བསྟེན་སྡེ་ཁག་གིས་བསྒྲགས་པ་ལྟར་ན། གོང་སྨྲས་ཀྱི་འཇབ་རྒོལ་དོན་རྐྱེན་དེ་ལས་མི11རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཡོད་ཟེར།
གཞན་ཡང་སི་རི་ཡཱའི་མེས་རྒྱལ་ཚགས་པར་གྱིས་བསྒྲགས་པ་ལྟར་ན། བདེ་འཇགས་མི་སྣ་མང་བོ་ས་ཁུལ་དེར་སོང་ནས་གནས་བབ་ལ་ཚོད་འཛིན་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།