དབྱི་ལིང་དང་ཨ་མེ་རི་ཁའི་སྐོར་ཐེངས་བཞི་བའི་གྲོས་མོལ་དེ་ཟླ5བའི་ཚེས3ཉིན་སྤེལ་རྒྱུ་རེད།
2025.05.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཟླ4བའི་ཚེས30ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་ཉིན་དེར་བཤད་རྒྱུར། དབྱི་ལིང་དང་ཨ་མེ་རི་ཁས་ཟླ5བའི་ཚེས3ཉིན་དབྱི་ཐཱ་ལེའི་རྒྱལ་ས་རོ་མཱ་ནས་སྐོར་ཐེངས་བཞི་བའི་གྲོས་མོལ་སྤེལ་རྒྱུ་ཡིན་ཟེར།

ཨ་ལཱ་ཀི་ཆི་ཡིས་ཉིན་དེར་རྒྱལ་ས་ཏི་ཧེ་ལན་ནས་བསྡུས་པའི་ནེ་ཀིའི་གྲོས་ཚོགས་སྐབས་སུ་གོང་གི་སྐད་ཆ་དེ་བཤད་པ་རེད། བསྒྲགས་པ་ལྟར་ན། འདུམ་འགྲིག་བྱེད་པའི་ཨ་མན་རྒྱལ་ཁབ་ཀྱིས་ལག་རྩལ་དང་མཁོ་སྒྲུབ་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་སྐོར་ཐེངས་གསར་བའི་གྲོས་མོལ་དེ་རོ་མཱ་ནས་སྤེལ་བར་ཐག་བཅད་པ་རེད།

ཁོས་ད་རུང་ནན་གྱིས་བསྟན་དོན། གྲོས་མོལ་དེར་ཡུན་ཚད་མེད་ཀྱང་། དབྱི་ལིང་གིས་དུས་ཚོད་ཆུད་ཟོས་སུ་གཏོང་འདོད་མེད་པ་དང་། ཨ་མེ་རི་ཁ་ཕྱོགས་ལའང་གཅིག་མཚུངས་ཀྱི་རེ་འདུན་ཡོད་པར་ཡིད་ཆེས་བྱས་ཡོད་པའི་ཚུལ་བསྟན།

ཨ་མེ་རི་ཁའི་གྲོས་མོལ་སྐབས་སྔར་བཞིན་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱེད་པ་སོགས་དགྲར་འཛིན་གྱི་བྱེད་ཐབས་གླེང་སྐབས་ཨ་ལཱ་ཀི་ཆི་ཡིས་བསྟན་དོན། བྱ་སྤྱོད་དེ་རིགས་ལས་ལྡོག་ཕྱོགས་ཀྱི་བརྡ་གཏོང་བཞིན་ཡོད་པ་བསྙོན་མེད་ཡིན་པ་དང་། ཕྱི་ཕྱོགས་ལས་རིགས་སོ་སོ་ཨ་མེ་རི་ཁའི་ལྷག་བསམ་ལ་དོགས་པ་འབྱུང་ངེས་རེད་ཟེར། ཁོས་ད་རུང་ནན་གྱིས་བསྟན་དོན། ང་ཚོས་ཨ་མེ་རི་ཁ་རྒྱལ་ནང་གི་ལྟ་ཚུལ་མི་འདྲ་བ་དང་ཁེ་ཕན་སྡེ་ཚོགས་ཀྱི་འགལ་བ་གསལ་བོར་ཤེས་ཡོད་ལ། འཕེལ་ཕྱོགས་དེ་དག་ལ་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་ཟེར།

ཨ་ལཱ་ཀི་ཆི་ཡིས་ད་རུང་བཤད་རྒྱུར། མིག་སྔར་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་གོང་གི་གྲོས་མོལ་འཕེལ་རིམ་ནང་ཞུགས་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།