ཕུའུ་ཅིན་གྱིས་ཝུའུ་ཁི་ལན་བར་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པར་རྒྱབ་སྐྱོར་བྱེད་ཀྱང་སྔོན་ལ་བྱེ་བྲག་གི་གནད་དོན་ཐག་གཅོད་བྱེད་དགོས་པར་འདོད།
2025.05.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཟླ4བའི་ཚེས30ཉིན་མའོ་སི་ཁོ་ནས་བྱ་འགུལ་ལ་ཞུགས་སྐབས་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཝུའུ་ཁི་ལན་བར་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པར་རྒྱབ་སྐྱོར་བྱེད་ཀྱང་། དེའི་སྔོན་ལ་བྱེ་བྲག་གི་གནད་དོན་རབ་དང་རིམ་པ་ཐག་གཅོད་བྱེད་དགོས་པའི་ཚུལ་བསྟན་ཡོད་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་སྔོན་འགྲོའི་ཆ་རྐྱེན་ཅི་ཡང་མེད་པའི་གནས་ཚུལ་འོག་ཝུའུ་ཁི་ལན་བར་ཐད་ཀར་གྲོས་མོལ་བྱེད་འདོད་ཡོད་ཀྱང་། ཝུའུ་ཁི་ལན་ཕྱོགས་ཀྱིས་དོན་དེར་གྲ་སྒྲིག་གང་ལེགས་བྱས་ཡོད་མིན་གསལ་བོར་བཤད་མེད་ལ། ཅི་ཧྥུའུ་ཕྱོགས་ཀྱིས་གྲོས་མོལ་ལ་སྔོན་འགྲོའི་ཆ་རྐྱེན་རབ་དང་རིམ་པ་བཏོན་ཡོད་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་བར་ཞི་བདེའི་གྲོས་མཐུན་འགོད་པ་ལས་ཨ་མེ་རི་ཁ་མ་ཡིན་པས། ཝུའུ་ཁི་ལན་ཕྱོགས་ནི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཕ་རོལ་བ་ཡིན་དགོས་ཟེར། ཁོས་ནན་གྱིས་བསྟན་དོན། ཨ་མེ་རི་ཁས་མྱུར་མོར་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་འབད་འབུངས་བྱེད་དགོས་པ་དང་། ཨུ་རུ་སིའི་ཕཽགས་ཀྱིས་ཨ་མེ་རི་ཁའི་འདུམ་འགྲིག་བྱ་བ་ལེགས་འགྲུབ་འབྱུང་བར་རེ་བཞིན་ཡོད། ཡིན་ཡང་ཝུའུ་ཁི་ལན་གྱི་ཉམས་ཉེན་གྱི་འབྱུང་རྩར་རྙོག་འཛིང་ཧ་ཅང་ཆེ་བས། ཉིན་རེ་གཉིས་ནང་ཐག་གཅོད་བྱེད་ཐུབ་པ་ཞིག་མིན་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་བསྐྱར་སྒྲོག་བྱས་དོན། དམིགས་བསལ་དམག་དོན་འགུལ་སྐྱོད་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པ་ནི་སྔར་བཞིན་ཨུ་རུ་སིའི་ཕྱོགས་ཀྱི་ཐོག་མའི་ལས་འགན་ཡིན་ཡང་། འབྲེལ་ཡོད་དམིགས་འབེན་ཞི་བའི་ཐབས་ལ་བརྟེན་ནས་མངོན་འགྱུར་བྱེད་ཐུབ་ན་ལྷག་ཏུ་བཟང་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།