གསེར་གྱོམ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་དག་གིས་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པའི་ཚུལ་བསྟན།
2025.05.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

གསེར་གྱོམ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་ཟླ4བའི་ཚེས29ཉིན་པཱ་ཞིའི་ལི་ཡའོ་རུ་ནེ་ལུའུ་ནས་མཇུག་སྒྲིལ། པཱ་ཞིའི་ཕྱི་འབྲེལ་བློན་ཆེན་ཝེ་ཨེ་ལཱ་ཡིས་ཚོགས་འདུ་གྲོལ་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཚོགས་ཞུགས་ཕྱི་འབྲེལ་བློན་ཆེན་དག་གིས་འཛམ་གླིང་ཡོངས་ཀྱི་སྒོ་ཁྲལ་རྩོད་གླེང་ཐད་ནས་ཐུན་མོང་ལྟ་ཚུལ་བཀོད་པ་དང་། ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་ཟེར།

ཝེ་ཨེ་ལཱ་ཡིས་བཤད་རྒྱུར། ང་ཚོས་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ཀྱི་སྣང་ཚུལ་ཡང་བསྐྱར་འབྱུང་བ་དང་། ཁོར་ཡུག་ལ་ཁ་གཡར་ནས་སྤྱད་པའི་སྒོ་ཁྲལ་གྱི་བྱེད་ཐབས་རེ་འགར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ལ། ང་ཚོས་བལྟས་ན་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་བཅོས་བསྒྱུར་དེ་ཉོ་ཚོང་གི་རྩོད་གླེང་ཐག་གཅོད་བྱེད་པར་གལ་འགངས་ཧ་ཅང་ཆེ་བར་འདོད།

གྲོས་མོལ་ནས་ཀྲུའུ་ཞིའི་གསལ་སྒྲོག་སྤེལ་ཏེ། ཕྱི་འབྲེལ་བློན་ཆེན་དག་གིས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་འགལ་བའི་དྲང་བདེན་མིན་པའི་ཕྱོགས་གཅིག་སྲུང་སྐྱོབ་རིང་ལུགས་ཀྱི་བྱ་སྤྱོད་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ལ། དེའི་ནང་འདྲ་མཉམ་སྒོ་ཁྲལ་གང་འདོད་དུ་སྤྱོད་འདུས་ཡོད། འཛམ་གླིང་ཉོ་ཚོང་རྩ་འཛུགས་སྲོག་ཤིང་ཡིན་པའི་སྒོ་འབྱེད་དང་མངོན་གསལ། འདྲ་མཉམ། ཚོད་དཔག་ཐུབ་པ། དཀྱེལ་ཡངས། མཐོང་ཆུང་མེད་པ་བཅས་ཀྱི་ཕྱོགས་མང་ཉོ་ཚོང་མ་ལག་ལ་རྒྱབ་སྐྱོར་བྱེད་དགོས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། འཛམ་གླིང་ཉོ་ཚོང་རྩ་འཛུགས་ནི་ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་དང་སྒྲིག་སྲོལ་གཏན་འབེབས་བྱེད་པའི་དབང་ཆ་ཡོད་ཅིང་རྒྱལ་སྤྱིའི་ཉོ་ཚོང་གི་རིམ་པ་མང་བོའི་གྲོས་བསྡུར་ཁྲོད་མགོ་ཁྲིད་ནུས་པ་འདོན་སྤེལ་བྱེད་པའི་ཕྱོགས་མང་ལས་ཁུངས་གཅིག་པུ་ཡིན་ཟེར།

ཕྱི་འབྲེལ་བློན་ཆེན་དག་གིས་ཕྱོགས་སོ་སོས་བྱེད་ཐབས་སྤྱད་དེ་རང་དབང་ཉོ་ཚོང་དང་ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ལ་སྲུང་སྐྱོབ་བྱེད་པ་དང་། མིག་སྔའི་ཉོ་ཚོང་འགྲན་རྩོད་ཐག་གཅོད་བྱས་ཏེ། ཕྱོགས་སོ་སོ་དང་ཁྱད་པར་དུ་གསར་དར་ཚོང་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་ཉོ་ཚོང་དངུལ་གཏོང་གི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས་པའི་འབོད་སྐུལ་བཏང་།

ཕྱི་འབྲེལ་བློན་ཆེན་དག་གིས་བསྐྱར་སྒྲོག་བྱས་དོན། ཕྱོགས་གཅིག་བཙན་ཤེད་བྱེད་ཐབས་དང་ཁྱད་པར་དུ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་ཕྱོགས་གཅིག་གི་དཔལ་འབྱོར་བཀག་སྡོམ་བྱེད་ཐབས་ལས་བཀག་སྡོམ་ཐེབས་པའི་རྒྱལ་ཁབ་ཀྱི་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པ་ཆེན་པོ་ཐེབས་ཡོད་ཟེར།

ཝེ་ཨེ་ལཱ་ཡིས་བཤད་རྒྱུར། ཀྲུའུ་ཞིའི་གསལ་སྒྲོག་ལས་མིག་སྔའི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཉིན་རེ་བཞིན་ཆ་ཤས་ཅན་དུ་འགྱུར་བའི་གནས་བབ་འོག གསེར་གྱོམ་རྒྱལ་ཁབ་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཐད་འབད་འབུངས་བྱེད་པ་དང་། སྔར་ལས་དྲང་བདེན་དང་འཐུས་ཚབ་རང་བཞིན་ལྡན་ལ། དཀྱེལ་ཡངས་ཆེ་བའི་འཛམ་གླིང་ཡོངས་ཀྱི་སྒྲིག་སྲོལ་ཅིག་འཛུགས་པར་སྐུལ་འདེད་གཏོང་དགོས་ཟེར།

གསེར་གྱོམ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་མོལ་ཟླ4བའི་ཚེས28ཉིན་ཚོགས་མགོ་བརྩམས་པ་དང་། ད་ལོར་པཱ་ཞི་ནི་གསེར་གྱོམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།