གསེར་གྱོམ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་དེ་ཟླ4བའི་ཚེས29ཉིན་པཱ་ཞིའི་ལི་ཡའོ་རུ་ནེ་ལུའུ་ནས་གྲོལ། ཚོགས་ཞུགས་འཐུས་མི་དག་གིས་ཚོགས་འདུ་གྲོལ་རྗེས་སྤེལ་བའི་ཀྲུའུ་ཞིའི་གསལ་སྒྲོག་ནང་བསྟན་དོན། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་སྔར་ལས་འདྲ་མཉམ་གྱི་སྣེ་མང་འཛམ་གླིང་གསར་བསྐྲུན་བྱེད་པའི་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་དགོས་ཟེར།
པཱ་ཞིའི་ཕྱི་འབྲེལ་བློན་ཆེན་ཝེ་ཨེ་ལཱ་ཡིས་བཤད་རྒྱུར། གྲོས་ཚོགས་ནས་གཙོ་བོ་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་ཕྱོགས་མང་རིང་ལུགས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་འདོན་པར་གྲོས་བསྡུར་བྱས་པ་དང་། མཐུན་སྒྲིལ་དང་འཕེལ་རྒྱས། ཞི་བདེ་བཅས་དཀྱིལ་སྙིང་དུ་བྱས་པའི་རྒྱལ་སྤྱིའི་མཉམ་ལས་སྒྲོམ་གཞི་གསར་བ་མེད་ན། ལྟོགས་སྐོམ་དང་ནུས་ཁུངས་ཚུལ་བསྒྱུར། ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་ཐབས་མེད་པ་གསལ་བོར་བསྟན།
ཀྲུའུ་ཞིའི་གསལ་སྒྲོག་ལས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་འཇོག་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་རྩ་དོན་ལ་སྲུང་སྐྱོབ་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་མ་ལག་ཁྲོད་ཀྱི་སྲོག་ཤིང་ནུས་པ་སྲུང་དགོས་པ་བསྐྱར་སྒྲོག་བྱས།
གསལ་སྒྲོག་ལས་ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ཉམ་ཞན་དུ་སོང་བར་ཉེན་བརྡ་བཏང་བར་མ་ཟད། འཛམ་གླིང་ཡོངས་ཀྱི་ཉོ་ཚོང་རྩ་འཛུགས་ཀྱི་སྲོག་ཤིང་ནུས་པ་བསྐྱར་སྒྲོག་བྱས། གསལ་སྒྲོག་ལས་ཕྱོགས་གཅིག་གི་སྲུང་སྐྱོབ་བྱེད་ཐབས་ལ་ངོ་རྒོལ་བྱས་པ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་རྒྱུ་བསྐྱར་སྒྲོག་བྱས་པར་མ་ཟད། རྒྱལ་སྤྱིའི་དངུལ་ལོར་ལས་ཁུངས་བཅོས་བསྒྱུར་བྱས་ཏེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གཏམ་བརྗོད་དབང་ཆ་ཇེ་དྲག་ཏུ་གཏོང་དགོས་པ་ནན་བཤད་བྱས།
ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་ནས་གསལ་སྒྲོག་ལས་ཀྲུང་གོ་དང་པཱ་ཞི་སོགས་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་དང་འབྲེལ་བའི་ཞི་བདེའི་མཛའ་མཐུན་ཚན་ཆུང་བཙུགས་པར་དགའ་བསུ་ཞུས།
ཚོགས་ཞུགས་ཕྱོགས་ཁག་སོ་སོས་ནམ་ཟླའི་འགྱུར་ལྡོག་དང་། མིས་བཟོས་རིག་ནུས། འཕྲོད་བསྟེན་མ་ལག འཇིགས་སྐུལ་ངོ་རྒོལ་སོགས་ཁྱབ་ཁོངས་ནས་གསེར་གྱོམ་རྒྱལ་ཁབ་ནང་ཁུལ་དང་གྲོགས་པོའི་རྒྱལ་ཁབ་བར་གྱི་མཉམ་ལས་རྒྱ་བསྐྱེད་དགོས་པའི་འབོད་སྐུལ་བཏང་། གསལ་སྒྲོག་ལས་ད་རུང་པཱ་ཞི་ཡིས2025ལོར་གསེར་གྱོམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།
བསོད་ནམས་ཚེ་རིང་གིས་བསྒྱུར།