དབྱི་སི་རལ་གྱིས་སི་རི་ཡཱའི་རྒྱལ་སའི་ཉེ་འདབས་སུ་བར་སྣང་འཇབ་རྒོལ་བྱས།
2025.05.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སི་རི་ཡཱའི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཟླ4བའི་ཚེས30ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཉིན་དེར་སི་རི་ཡཱའི་ཏཱ་མཱ་ཧྲི་ཀིའི་ནུབ་ཕྱོགས་ཉེ་འདབས་ཀྱི་ཨ་ཧྲི་ལཱ་ཧྥེ་ཡེ་སཱ་ཧི་ནཱ་ཡཱ་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཟེར།

བསྒྲགས་པའི་གནས་ཚུལ་ལས་དབྱི་སི་རལ་གྱིས་བར་སྣང་འཇབ་རྒོལ་བྱས་པའི་བྱེ་བྲག་གི་ནང་དོན་བསྒྲགས་མེད། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མང་བོས་བཤད་རྒྱུར། ཉིན་དེའི་ཕྱི་དྲོའི་དུས་ཚོད་ལྔ་ཡས་མས་སུ། ཏཱ་མཱ་ཧྲི་ཀི་རུ་གནམ་གྲུ་ལྡིང་སྐོར་བྱེད་པའི་སྒྲ་དང་འགས་གཏོར་གྱི་སྒྲ་གྲགས་བཞིན་ཡོད་ཟེར།

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་དབྱི་སི་རལ་གྱི་གྱི་རྒྱལ་སྲུང་པུའུ་ཀྲང་ཁཱ་ཚི་གཉིས་ཀྱིས་ཚེས30ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་སི་རི་ཡཱའི་ཏཱ་མཱ་ཧྲི་ཀི་ཞིང་ཆེན་གྱི་དམིགས་འབེན་ཞིག་ལ་འཇབ་རྒོལ་བྱས་ཟེར། གསལ་སྒྲོག་ལས་བཤད་རྒྱུར། དམིགས་འབེན་དེ་རུ་སྐབས་ཐོག་དེར་དྲག་ཆས་མི་སྣ་སྐོར་ཞིག་གིས་ཏི་ལུའུ་ཙི་ས་ཁུལ་དུ་འཇབ་རྒོལ་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་ལ། དབྱི་སི་རལ་ཕྱོགས་ཀྱི་བྱ་སྤྱོད་དེ་ནི་ཉེན་བརྡ་གཏོང་བའི་ཆམ་ཕབ་ཅིག་ཡིན་པ་དང་། དབྱི་སི་རལ་གྱིས་སི་རི་ཡཱ་ཡིས་འགུལ་སྤེལ་བར་རེ་བཞིན་ཡོད་ལ། ཏི་ལུའུ་ཙི་ས་ཁུལ་གྱི་མང་ཚོགས་ལ་གནོད་པ་བཟོ་བར་སྔོན་འགོག་བྱེད་ཆེད་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།