ནེའུ་ཙེ་ལན་དུ་ཟླ5བའི་ཚེས1ཉིན་ཐལ་དྲགས་པའི་ནམ་ཟླའི་འཇིགས་པ་ཐེབས། བྱང་ཕྱོགས་གླིང་ཕྲན་དུ་གནས་པའི་རྒྱལ་ས་ཧོས་ལིན་ཏོན་དུ་ལོ་བཅུ་ཕྲག་འགའི་རིང་གི་ཆེས་ཚབས་ཆེ་བའི་རླུང་ཆེན་གྱི་འཇིགས་པ་ཐེབས་པ་དང་། གླིང་ཕྲན་ལྷོ་མའི་ཆེས་ཆེ་བའི་གྲོང་ཁྱེར་ཁི་ལའེ་སི་ཐི་ཁྲེ་ཆི་སོགས་ས་ཁུལ་སྐོར་ཞིག་ཏུ་དྲག་ཆར་བབས་པའི་དབང་གིས་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས་ཡོད་ཟེར།
ནེའུ་ཙེ་ལན་གྱི་ནམ་ཟླའི་བརྟག་དཔྱད་ཅུའུ་ཡིས་ཧོས་ལིན་ཏོན་ས་ཁུལ་དུ་ཚད་རིམ་དམར་པོའི་དྲག་རླུང་གི་ཉེན་བརྡ་བཏང་ཡོད་པ་དང་། ས་དེའི་ཟླ5བའི་ཚེས1ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་ནས་ཚེས2ཉིན་གྱི་ཞོགས་པའི་དུས་ཚོད་གསུམ་བར་ཉེན་བརྡ་བཏང་ཡོད། དེ་ནི་ད་ལོར་སྤེལ་བའི་ཚད་རིམ་དམར་པོའི་ཉེན་བརྡ་ཐོག་མ་རེད། ཧོས་ལིན་ཏོན་གྱི་ཆ་སྙོམས་རླུང་འགྲོས་དུས་ཚོད་རེར་སྤྱི་ལེ87ཡིན་པ་དང་། 2013ལོའི་ཚུན་ལ་ཆེས་ཆེ་བའི་དྲག་རླུང་ཡིན་ལ། རླུང་ཤུགས་ཆེས་ཆེ་དུས་དུས་ཚོད་རེར་སྤྱི་ལེ150ལ་བསླེབས་སྲིད་ཟེར།
ཧོས་ལིན་ཏོན་གནམ་གྲུ་ཐང་གིས་གནམ་གྲུ་ཚང་མ་གཏོང་མཚམས་བཞག་པ་དང་། དྲག་རླུང་ལས་ད་རུང་ཧོས་ལིན་ཏོན་ཉེ་འཁོར་གྱི་མཚོ་ཁོངས་སུ་མཐོ་ཚད་ལ་སྨིད11.5ཡོད་པའི་རྦ་རླབས་འབྱུང་སྲིད་པས། ལྷོ་བྱང་གླིང་ཕྲན་བར་གྱི་ཁུའུ་ཁི་མཚོ་འགག་ཏུ་འགྲོ་འོང་བྱེད་པའི་གྲུ་གཟིངས་གཏོང་མཚམས་བཞག་ཡོད། གནམ་གཤིས་བརྟག་དཔྱད་དང་འཕྲལ་བསྟུན་སྡེ་ཁག་གིས་མང་ཚོགས་རྣམས་སྒོ་ཁ་དང་སྒེའུ་ཁུང་ཁ་ནས་མི་སྡོད་པ་དང་བདེ་འཇགས་ལ་མཉམ་འཇོག་བྱེད་དགོས་པའི་གསལ་འདེབས་བྱས་ཡོད།
ནེའུ་ཙེ་ལན་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་བཤད་རྒྱུར། ཐལ་དྲགས་པའི་ནམ་ཟླ་དེ་ལས་སྡོང་བོ་རྫོགས་པ་དང་དངོས་པོའི་ཆག་རོ་གང་སར་ཁུར་སྲིད་ལ། དྲག་རླུང་ལས་ད་རུང་གློག་ཤུགས་སྐུད་ལམ་དང་ཁང་ཀླད་སོགས་ལ་གཏོར་བརླག་ཚབས་ཆེན་ཐེབས་སྲིད་པར་མ་ཟད། འགྲིམ་འགྲུལ་དང་འཕྲིན་གཏོང་། གློག་ཤུགས་མཁོ་འདོན་བཅས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་སྲིད་ཟེར།
ནེའུ་ཙེ་ལན་འཕྲལ་བསྟུན་དོ་དམ་དང་སླར་གསོའི་པུའུ་ཀྲང་མཱ་ཁི་མུས་ཆེ་ཨར་གྱིས་ཟླ5བའི་ཚེས1ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཁི་ལའེ་སི་ཐི་ཁྲེ་ཆི་ནས་དོགས་ཟོན་མཐོར་འདེགས་བྱས་ཡོད་པ་དང་། དེ་ལས་གཞན་ཉེ་འདབས་ཀྱི་སེ་ཨར་ཝུན་གྲོང་ཁྱེར་དང་མན་ཁི་སི་ཕྱེད་གླིང་གིས་ཀྱང་སྔ་གཞུག་ཏུ་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།