ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་གཅིག་མཐུན་ཚོགས་པས་ཟླ5བའི་ཚེས1ཉིན་གསལ་སྒྲོག་སྤེལ་ཏེ། ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་གཅིག་མཐུན་ཚོགས་པའི་ཁོང་གོ་ཅིན་གྱི་ཆེད་མངག་དམག་དཔུང་དེ་ཟླ4བའི་ཚེས29ཉིན་ནས་བཟུང་ཁོང་གོ་ཅིན་ནས་ཕྱིར་འཐེན་བྱེད་མགོ་བརྩམས་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དམག་དཔུང་ཕྱིར་འཐེན་བྱེད་པ་དེ་སྐམ་སའི་ལམ་བརྒྱུད་དེ་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་དང་། དམག་དཔུང་དེ་རུ་ཝང་ཏཱ་བརྒྱུད་དེ་མངག་གཏོང་རྒྱལ་ཁབ་སོ་སོར་ཕྱིར་ལོག་རྒྱུ་ཡིན་ཟེར། ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་གཅིག་མཐུན་ཚོགས་པས་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་འབད་འབུངས་བྱེད་རྒྱུ་བསྐྱར་སྒྲོག་བྱས་པར་མ་ཟད། མུ་མཐུད་དུ་ཕྱི་འབྲེལ་དང་ཆབ་སྲིད་བྱེད་ཐབས་ལ་བརྟེན་ནས་ཁོང་གོ་ཅིན་གྱི་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་གཅིག་མཐུན་ཚོགས་པས2023ལོའི་ཟླ12པར་ཁོང་གོ་ཅིན་དུ་ཆེད་མངག་དམག་དཔུང་བཀོད་སྒྲིག་བྱས། ད་ལོའི་ཟླ་དང་པོར། དམག་དཔུང་དེའི་དམག་མི་མང་བོ་ཁོང་གོ་ཅིན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར། ཟླ3པའི་ཚེས13ཉིན་ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་གཅིག་མཐུན་ཚོགས་པས་ཆེད་མངག་དམག་དཔུང་གི་ཁོང་གོ་ཅིན་གྱི་འགན་ཡུན་མཚམས་འཇོག་རྒྱུ་མ་ཟད་དུས་རིམ་བགོས་ནས་ཕྱིར་འཐེན་བྱེད་རྒྱུ་ཁྱབ་བསྒྲགས་བྱས། ཟླ3པའི་ཚེས28ཉིན། ཁོང་གོ་ཅིན་གྱི་ངོ་རྒོལ་སྲིད་གཞུང་གི་དྲག་ཆས་པ M23ལས་འགུལ་ཞེས་པ་དང་ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་གཅིག་མཐུན་ཚོགས་པས་གྲོས་མཐུན་བཀོད་དེ། ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་གཅིག་མཐུན་ཚོགས་པར་རོགས་འདེགས་བྱེད་པའི་ཁོང་གོ་ཅིན་གྱི་ཆེད་མངག་དམག་དཔུང་ཕྱིར་འཐེན་བྱེད་པར་འཐད་པ་བྱུང་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།