ཨ་མེ་རི་ཁའི་ས་ཁུལ་མང་བོར་འདུ་ཚོགས་བསྡུས་ནས་ཐི་ལིང་ཕུའུ་སྲིད་གཞུང་གི་སྲིད་ཇུས་མང་བོར་ངོ་རྒོལ་བྱས།
2025.05.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་ས་ཁུལ་མང་བོའི་མང་ཚོགས་ཀྱིས་ཟླ5བའི་ཚེས1ཉིན་གཞི་རྒྱ་ཆེ་བའི་འདུ་ཚོགས་བསྡུས་ཏེ། ཐི་ལིང་ཕུའུ་སྲིད་གཞུང་གི་དཔལ་འབྱོར་དང་གནས་སྤོར་སྡོད་དམངས། སློབ་གསོ། ཁྲལ་བསྡུ་སོགས་ཕྱོགས་མང་བོའི་སྲིད་ཇུས་ལ་ངོ་རྒོལ་བྱས།

ཉིན་དེར་རྒྱལ་ས་ཝ་ཧྲིན་ཐོན་དམིགས་བསལ་ས་ཁུལ་དང་། ལོ་ཧྲན་ཅི། ཉིག་ཡའོ། ཏན་ཧྥོ། ཀྲི་ཅཱ་ཀི། ཧྥེ་ཁྲིན་སོགས་ས་ཁུལ་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱ་འགུལ་བྱུང་ཡོད། དེའི་ནང་ཉིག་ཡའོ་གྲོང་ཁྱེར་དུ་ཉིན་དེར་མི་སྟོང་ཕྲག་ལྷག་འདུ་ཚོགས་ལ་ཞུགས་ཏེ། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་གནས་སྤོར་སྡོད་དམངས་ཕྱིར་སྐྱེལ་བ་དང་ཁྲིམས་འཛིན་ལས་རིམ་གྱི་དྲང་བདེན་སྣང་མེད་དུ་བྱེད་པ་སོགས་ཀྱི་ནང་དོན་ལ་ངོ་རྒོལ་བྱས། ལོ་ཧྲན་ཅི་གྲོང་ཁྱེར་གྱི་ལྟེ་གནས་སུ། མང་ཚོགས་སྟོང་ལྔ་ཙམ་གྱིས་འདུ་ཚོགས་བསྡུས་ནས་ཐི་ལིང་ཕུའུ་སྲིད་གཞུང་གི་འབྲེལ་ཡོད་སྲིད་ཇུས་ལས་ས་གནས་རང་གི་ངལ་རྩོལ་བཟོ་བར་གཉའ་གནོན་བྱས་པ་དང་། ཕྱི་ཡོང་ངལ་རྩོལ་བཟོ་བ་མཐར་སྐྲོད་བཏང་བར་ངོ་རྒོལ་བྱས།

འདུ་ཚོགས་བྱ་འགུལ་དེའི་རྩ་འཛུགས་མཁན་གྱི་དྲ་ཚིགས་ཀྱིས་མཚམསསྦྱོར་བྱས་པ་ལྟར་ན། ཚེས2ཉིན་དང་ཚེས3ཉིན་ཨ་མེ་རི་ཁའི་ས་ཁུལ་མང་བོ་ནས་མུ་མཐུད་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་ཟླ4བའི་ཚེས27ཉིན་སྤེལ་བའི་མཉམ་འབྲེལ་གྱི་དམངས་ཀྱི་འདོད་བློའི་རྟོག་ཞིབ་མཇུག་འབྲས་ལས་མངོན་པ་ལྟར་ན། ཐི་ལིང་ཕུའུ་ཡི་འགན་ཡུན་ཐེངས་གཉིས་པ་མགོ་བརྩམས་ནས་ཉིན་བརྒྱ་འགོར་བའི་སྐབས་སུ། ཁོའི་སྲིད་སྐྱོང་གི་རྒྱབ་སྐྱོར་ཚད་དེས་འདས་པའི་ལོ་ངོ་བརྒྱད་ཅུའི་རིང་གི་ཨ་མེ་རི་ཁའི་རིམ་བྱུང་ཙུང་ཐུང་གི་དུས་མཉམ་ལས་ཆེས་དམའ་བའི་ཟིན་ཐོ་བསྐྲུན་ཡོད། མང་ཚོགས་མང་བོས་ཁོས་བཏོན་པའི་སྲིད་ཇུས་མང་བོར་ངོ་རྒོལ་བྱས་པ་དང་། ཨ་མེ་རི་ཁའི་ད་ལྟའི་གནས་ཚུལ་ལ་མི་དགའ་བའི་ཚུལ་བསྟན་པ་དང་། དཔལ་འབྱོར་མཐུན་ལྗོངས་ལ་སེམས་ཁུར་བྱེད་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།